Wednesday, September 03, 2014

དཀའ་གནད་གསལ་བའི་མེ་ལོང་གི་རྩ་བ་བཞུགས་སོ།


༄༄། །ན་མོ་མཉྫུ་ཤྲི་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། ། གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ་། ། རྗེ་བཙུན་བརྟན་པའི་འཁོར་ལོ་དང་།།དབྱེར་མེད་བླ་མའི་ཞབས་བཏུད་ནས། ། མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས།།བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག །རྟགས་ཀྱི་འཇུག་པའི་སྙིང་པོའི་དོན།།མདོ་བསྡུས་ཚིག་གིས་གསལ་བར་བྱ། ། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །དེ་ཕྱིར་ཀཱ་ལི་སུམ་ཅུ་པོ།
ཕོ་ཡི་ཡི་གེ་འབའ་ཞིག་ལ། །ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ།།  ཀ་ཅ་ཏ་པ་ཙ་རྣམས་ཕོ།།ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །  ཟ་འ་ཡ་ཤ་ས་རྣམས་མོ། །  ང་ཉ་ནམ་ཤིན་ཏུ་མོ། །  ར་ལ་ཧ་ཨ་མོ་གཤམ་སྟེ། །  ཨ་ནི་མཚན་མེད་ཅེས་ཀྱང་བྱ།། 



སྔོན་འཇུག་ལྔ་ཡི་བ་ཡིག་ཕོ། །ག་ད་མ་ནིང་འ་མོ་ཡིག །  མ་ནི་ཤིན་ཏུ་མོ་ཡིན་ནོ། །  དེ་རྣམས་གང་ལ་གང་འཇུག་ན། །  ཕོ་ཡིག་བ་ནི་ཀ་ཅ་ཏ། ། ཙ་ག་ང་ཇ་ཉ་ད་ན། ། ཛ་ཞ་ཟ་ར་ཤ་སར་འཇུག ། མ་ནིང་ག་ནི་ཅ་ཏ་ཙ། ། ཉ་ད་ན་ཞ་ཟ་ཡ་ཤ།སར་འཇུག་མ་ནིང་ད་ཡིག་ནི།།ཀ་པ་ག་བ་ང་མར་འཇུག ། མོ་ཡིག་འ་ནི་ག་ཇ་ད། །  བ་ཛ་ཁ་ཆ་ཐ་ཕ་ཚར། །  ཤིན་ཏུ་མོ་ཡི་མ་་ཡིག་ནི། །  ཁ་ཆ་ཐ་ཚ་ག་ཇ་ད། ། ཛ་ང་ཉ་ན་རྣམས་ལ་འཇུག ། ཇི་ལྟར་འཇུག་པ་བྱེད་ཅེ་ན། ། ཕོ་ནི་སྒྲ་རྩོལ་དྲག་པར་འཇུག ། མ་ནིང་རན་པར་འཇུག་པ་ཡིན། །  མོ་ནི་ཞན་པའི་ཚུལ་གྱིས་ཏེ། ། ཤིན་ཏུ་མོ་ནི་མཉམ་པས་སོ།།
 ། ཅི་ཕྱིར་འཇུག་པར་བྱེད་ཅེས་ན། ། ཐོག་མར་འདི་ལྟར་ཤེསདགོས་ཏེ། ། ལས་གང་ཞིག་ལ་བྱེད་པ་པོ། ། གཞན་དང་དངོས་སུ་འབྲེལ་བ་ཡི། །  དབང་དུ་བྱས་ནས་བྱེད་པོ་དང་། ། དེ་ཡི་བྱེད་པ་གཉིས་པོ་ནི། ། དངོས་པོ་བདག་ཡིན་བྱ་ཡུལ་དང་།།བྱ་བ་གཉིས་པོ་དངོས་པོ་གཞན། །དེ་བཞིན་བྱེད་པ་པོ་གཞན་དང་། །  དངོས་སུ་འབྲེལ་མིན་ཇི་ལྟར་ཡང་། ། བྱ་བ་བྱས་ཟིན་འདས་པ་དང་། ། ད་བཞིན་པ་ནི་ད་ལྟ་བ། ། དེ་ཕྱིར་དུས་གསུམ་དབྱེ་བས་ནི། ། བྱེད་ལས་དང་འབྲེལ་ངག་གི་ནི། ། སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། ། བདག་གཞན་དབྱེ་བས་དེ་ཙམ་དུ། ། ཁྱབ་པ་མིན་ཡང་བྱེད་པོ་དང་། ། བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། ། མཛད་ནས་བདག་གཞན་དང་འབྲེལ་བའི།།བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས། ། དེ་ནས་དུས་གསུམ་དུ་དབྱེ་བ། ། བདག་གཞན་དབྱེ་བས་མ་ཁྱབ་པ། ། བསྡུ་བའི་དོན་དུ་ཤེས་དགོས་པར། ། གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས།།བྱེད་ལས་ཙམ་དང་འབྲེལ་བ་ཡི། ། དངོས་པོ་བདག་ལའང་འཇུག་པ་མཐོང་། །  དེ་ལྟར་དངོས་ནས་ཕོ་ཡིག་བ། །  བསྒྲུབས་སོ་ལྟ་བུ་འདསཔ་དང་། ། བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ། །  ཞེས་སོགས་དངོས་པོ་གཞན་ལ་འཇུག ། མ་ནིང་ག་ད་གཉིས་པོ་ནི། ། གཅོད་པ་པོ་དང་གཅོད་པར་བྱེད། །གཅོད་པར་འགྱུར་དང་དཀྲི་བ་པོ། ། དཀྲི་བར་བྱེད་དང་དཀྲི་བར་འགྱུར། ། ཞེས་སོགས་དངོས་པོ་བདག་དོན་དང་། ། གཅད་བྱའི་ཤིང་དང་གཅད་པར་བྱ། །  དཀྲི་བྱའི་སྣལ་མ་དཀྲི་བརབྱ། །  ཞེས་སོགས་དངོས་པོ་གཞན་དོན་དང་།། གཅོད་བཞིན་པ་དང་དཀྲི་བཞིན་པ།།ཞེས་སོགས་ད་ལྟ་སྒྲུབ་ཆེད་འཇུག །
མོ་ཡིག་འ་ནི་འཆད་པ་པོ། །  འཆད་པར་བྱེད་དང་འཆད་པར་འགྱུར། །  ཞེས་སོགས་དངོས་པོ་བདག་དངོས་དང་། །  འགྲོ་བ་པོ་དང་འགྲོ་བར་བྱེད། །  ཅེས་སོགས་བདག་དོན་ཕལ་པ་དང་། །  འཁྱིལ་ལོ་ཞེས་སོགས་ད་ལྟ་དང་། །  འཁྱིལ་བར་འགྱུར་སོགས་མ་འོངས་འཇུག །  ཤིན་ཏུ་མོ་ཡི་མ་ཡིགནི། ། བདག་གཞན་དུས་གསུམ་མཉམ་པར་འཇུག ། འོན་ཀྱང་བྱེད་པོ་ཞན་དངོས་དང་། ། འབྲེལ་བའི་འདས་ལ་འའི་སྔོན་འཇུག ། མེད་པར་ངེས་ཤིང་ག་ད་ཉུང་། ། ད་ལྟ་བ་ལ་བའི་སྔོན་འཇུག ། ཉུང་ཞིང་མགོ་ཅན་ད་ལྟ་བར། ། བས་འཕུལ་མེད་པ་ངེས་པ་ཙམ། །  གཞན་ཡང་བས་འཕུལ་ཅན་ཕལ་ཆེར། །  བྱེད་པཔོ་ནི་ད་ལྟ་དང་། །  བྱ་ཡུལ་མ་འོངས་པར་བསྡུས་ནས།། འདས་ལ་བས་འཕུལ་ཡང་འཇུག་ཡོད། ། ད་ལྟ་བ་ལ་གཉིས་ཀ་མེད། །མ་འོངས་འཕུལ་ཡོད་ཡང་འཇུག་མེད། ། སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། ། སྐབས་འགར་འདས་དང་སྐུལ་ཚིག་ལ། ། ས་རྐྱང་སྦྱར་བའི་འཐུས་པའང་ཡོད། ། རྗེས་འཇུག་ཡི་གེ་བཅུ་བོ་ཡི། །  ག་ད་བ་ས་བཞི་རྣམས་ཕོ། །  ང་མ་འ་གསུམ་མོ་ཡིན་ཞིང་། །  ན་ར་ལ་གསུམ་མ་ནིང་སྟེ། ། མིང་གཞིའི་ཡི་གེ་ཀུན་ལ་འཇུག ། ཇི་ལྟར་འཇུག་ཚུལ་གཉིས་ཡོད་ཏེ། ། དང་པོ་སྒྲ་ཡི་འཇུག་ཚུལ་ནི། །  ཕོ་ཡིག་ག་ཡིག་ཡང་འཇུག་ཅན། །  སྐྱེས་བུ་རབ་དང་ཕོ་ཡིག་བ། །  ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང་།།  ག་བ་ཡང་འཇུག་མེད་པ་དང་། ། ད་སའི་མཐའ་ཅན་ཐ་མསྟེ། །དྲག་པ་ཕོ་ལའང་ནང་གསེས་ཀྱིས། ། དྲག་ཞན་བར་མ་གསུམ་དུ་དབྱེ། ། དེ་བཞིན་ཞན་པ་མོ་ལ་ཡང་། ། ནང་གསེས་དྲག་ཞན་གཉིས་དབྱེ་སྟེ། ། ང་མ་ཡང་འཇུག་ཅན་མོ་དང་། ། ང་མ་ཡང་འཇུག་མེད་པ་དང་། ། འ་མཐའ་ཅན་རྣམས་ཤིན་ཏུ་མོ། ། བར་མ་མ་ནིང་ན་ར་ལ། ། ཡང་འཇུག་ཡོད་དམ་མེད་ཀྱང་རུང་། ། མིང་གཞི་ཕོ་ཡིག་མཐར་ཡོད་དང་། །  མིང་གཞི་མ་ནིང་རྗེས་སུ་ནི། །  ཡང་འཇུག་དང་བཅས་ཞུགས་པ་ན། ། དྲག་དང་ཕྲད་པས་དྲག་པར་འགྱུར།།མིང་གཞི་མོ་ཡིག་རྗེས་སུ་ནི། ། ཡང་འཇུག་མེད་པར་ཞུགས་པ་ན། །  ཞན་དང་ཕྲད་པས་ཞན་པར་འགྱུར། །  དེ་གཉིས་འགྱུརབ་མ་ནིང་ཡིན། །  མིང་གཞི་མོ་ཡིག་རྗེས་སུ་ནི། །  ཡང་འཇུག་དང་བཅས་ཞུགས་པ་ན། ། དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར། ། མཚན་གཉིས་མ་ནིང་ཞེས་སུ་གྲགས། ། མིང་གཞི་མ་ནིང་རྗེས་སུ་ནི། ། ཡང་འཇུག་མེད་པར་ཞུགས་པ་ན། ། དྲག་ཞན་གང་དུའང་མི་འགྱུར་བས།།མཚན་མེད་མ་ནིང་ཞེས་སུ་འདོད། ། གཉིས་པ་དོན་ལ་གཉིས་ཡོད་པའི། །སྔ་མ་གང་ལྟར་འགྱུར་བ་ནི། ། རྗེས་སུ་གང་ལ་ཞུགས་པ་ཡི། ། མིང་དེས་བདག་གཞན་སོགས་གང་སྟོན།།ཕལ་ཆེར་མིངདེའི་སྔོན་འཇུག་གི ། ནུས་པར་སྦྱར་ནས་རྟོགས་པར་བྱ། ། ཕྱི་མ་ཇི་ལྟར་འགྱུར་བ་ནི། ། རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི ། མིང་མཐའ་གཞན་དྲངས་དེ་བཞིན་དུ། ། མོ་ཡི་མོ་ཡིས་མིང་མཐའ་དང་། ། མ་ནིང་གིས་ནི་མ་ནིང་དྲངས། ། དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ།།བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་། ། གཞན་ཡང་མིང་མཐའ་དེ་ཉིད་ཀྱིས། ། རྟགས་མཚུངས་པའམ་སྒྲ་མཐུན་པའི། །རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །སྔ་མའི་ཤུགས་དང་མཐུན་པར་འདྲེན། ། དེ་དག་ནང་གསེས་གང་འཇུག་ནི། ། རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི། ། མཐར་སྦྱར་མིང་དོན་ལས་ཤེས་བྱ། ། དེ་ཡང་ཆོས་རྣམས་ངོ་བོ་ཙམ། ། བརྗོད་པ་རྣམ་དབྱེ་དངཔོ་སྟེ། ། དཔེར་ན་བུམ་པ་ཀ་བ་བཞིན། ། གསལ་་བྱེདབོད་ཀྱི་སྐད་ལ་ཉུང་། ། ལས་དང་བྱ་ཡུལ་དོན་གཅིག་སྟེ། ། དེ་ལྟའི་བྱ་བའི་ཡུལ་ཞིག་ལ། ། བྱ་བ་བྱས་པ་སྟོན་པ་ལ། ། གཉིས་པ་ལས་སུ་བྱ་བ་དང་། ། གཉིས་པའི་ནང་ཚན་དེ་ཉིད་དང་། ། བཞི་བ་དགོས་ཆེད་གསུམ་འདྲ་ཡང་། ། བྱ་བ་བྱས་པས་བྱ་བའི་ཡུལ། །  དེ་འམ་དེ་དང་འབྲེལ་བ་ལ། །  ཕན་ཐོགས་མེད་ན་གཉིས་པ་སྟེ། ། དཔེར་ན་ཤར་དུ་འགྲོ་ལྟ་བུ།།ཕན་ཐོགས་ཡོད་ན་བཞི་བ་སྟེ། ། དཔེར་ན་སློང་ལ་སྦྱིན་ལྟ་བུ། །  ཕན་ཐོགས་མེད་ཀྱང་བྱ་ཡུལ་དང་། །  བྱ་བ་ངོ་བོ་གཅིག་ཡིན་ན། ། གཉིས་པའི་ནང་ཚན་དེ་ཉིད་དེ། ། དཔེར་ན་ལྷོ་རུ་གསལ་ལྟ་བུ། ། གང་ཞིག་གང་ལ་བརྟེན་པ་འམ། ། གནས་དང་ཡོད་པའི་དོན་ཙམ་ལས། །    བྱ་བ་གཏན་ནས་མི་བྱེད་ན། །  རྣམ་དབྱེ་བདུན་པ་གནས་གཞི་སྟེ། །  དཔེར་ན་སྟེང་དུ་མི་ཡོད་ལྟར།། ཚེ་སྐབས་གཉིས་དང་དོན་འདྲ་ན། ། བདུན་པའི་ནང་ཚན་ཚེ་སྐབསཏེ། །  དཔེར་ན་མཆུ་ཟླ་ཤར་བ་ན། །  ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ། ། རྣམ་དབྱེ་གཉིས་བཞི་བདུན་པ་དང་། ། དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ། ། སུ་ར་རུ་དུ་ན་ལ་ཏུ། ། ཡིན་ཞིང་ཕལ་ཆེརལ་སྒྲ་དང་། ། མཐུན་པས་ལ་དོན་རྣམ་དབྱེའང་ཟེར། ། འོན་ཀྱང་ན་ལ་དེ་ཉིད་ལ། ། མི་འཇུག་སྨྲ་བའི་སྒོ་ལས་གསུངས། ། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །ཉེ་འགྱངས་གང་དུ་བྱ་བ་ཞིག་བྱས་ན་གསུམ་པ་བྱེད་སྒྲ་སྟེ། ། དཔེར་ན་བདག་གིས་ལྟ་ལྟ་བུ། ། བྱ་བ་གཏན་ནས་མི་བྱེད་པར། ། སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན། ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །དཔེར་ན་བདག་གི་མིག་ལྟ་བུ། །རྣམ་དབྱེ་གསུམ་དྲུག་གསལ་བྱེད་སྒྲ། །ས་མཐའ་ཡོད་དང་མེད་པ་ཡི། །གི་ཀྱི་གྱི་འི་ཡི་ལྔ་ཡིན། ། གང་ཞིག་གང་ལས་བྱུང་བའམ། ། བྱེར་དང་ལྷུང་བའི་དོན་ལྡན་ན། །རྣམ་དབྱེ་ལྔ་བ་འབྱུང་ཁུངསཏེ། །  དཔེར་ན་ཞལ་ནས་ཐོན་ལྟ་བུ། །  གསལ་བྱེད་སྒྲ་ནི་ནས་ལས་ཏེ། །  དགར་དང་སྡུད་པའང་ལྔ་པར་གཏོགས། ། གཞན་ཡང་ཚིག་དོན་གོང་འོག་ཏུ། ། བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། ། དང་དང་ཀྱང་ཡང་འང་སོགས་སྦྱོར།།
རྣམ་གྲངས་དུ་མས་དོན་བསྐྱར་ན། །འབྱེད་སྡུད་སྒྲ་འཇུག་དགག་པ་དང་།།བདག་དོན་ཡོན་ན་ཐོག་མཐའ་རུ། །པ་སྟེའི་རྟགས་རྣམས་ཅིརིགས་འཇུག ། རྒྱན་དུ་འགྱུར་བའི་ཚིག་ཕྲད་ཀྱང་། ། དོན་ལ་སྙེགས་པ་ཡོད་ན་སྦྱོར། ། དེ་བཞིན་བསྟན་བྱ་ལྷག་ཡོད་ན། །ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི། ། རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར། །  དགོས་པ་ཅི་ཕྱིར་འཇུགཅེ་ན། །  མོ་ཡིག་དབྱངས་དང་མི་ལྡན་ན། །  ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། ། དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ།།ཕོ་ཡིག་དབྱངས་ལྡན་དེ་དག་ལའང་། ། རྗེས་འཇུག་བཅུ་བོ་མ་ཞུགས་ན། ། དོན་གྱི་ངོ་བོ་ཙམ་སྟོན་པའི། ། མིང་དང་དོན་གྱི་ཁྱད་པར་རྣམས། ། སྟོན་པའི་ཚིག་དང་དོན་ལྡན་པའི། ། ངག་གི་བརྗོད་པ་ཡོད་མིན་ཏེ། ། ཡི་གེ་ཁོངས་ནས་མིང་དབྱུང་ཞིང་། ། མིང་གི་ཁོངས་ནས་ཚིག་ཕྱུང་ནས། ། ཚིག་གིས་དོན་རྣམས་སྟོན་པས་སོ། ། མིང་ཚིག་བརྗོད་པ་མེད་ན་ནི། ། ཐུན་མོང་ཐུན་མོང་མ་ཡིན་པའི། ། ཤེས་བྱ་སྟོན་པའང་མེད་པར་འགྱུར།།དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི། །རྗེས་སུ་འབྲིང་ནས་གསུངས་པ་འདི། ། སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག ། ཚིག་གི་སྒྲ་ཙམ་འདྲ་ན་ཡང་། ། དོན་ལ་ཁྱད་པར་ཤིན་ཏུ་ཆེ། ། དེ་ཕྱིར་བརྡ་དག་ལ་བརྟེན་ནས། ། མ་ནོར་དོན་རྣམས་འཚོལ་བར་གཅེས། ། དོན་ལ་མི་རྨོངས་རྨོངས་པ་ཡང་། ། ལུགས་འདིར་མཁས་མིན་གྱིས་བྱེད་དེ།།སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །མཁས་པའི་གསུང་ལ་ཡོངས་སུ་གྲགས། །
འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །  འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །  ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན།། ནམ་ཞིག་རྗེས་ངན་གསལ་བར་འགྱུར།། དེ་ཕྱིར་བློ་གསལ་དོན་གཉེར་རྣམས། ། རྟགས་འཇུག་དཀའ་གནད་གཟུགས་བརྙན་ཀུན། ། གསལ་བར་འཆད་པའི་མེ་ལོང་འདིར། །  ལ་འུར་གཟིགས་མོརསྤྱོན་དང་ཀྱེ། །  འདི་ལ་ནོངས་པའི་ཚོགས་མཆིས་ན། །གཟུར་གནས་མཁས་པའི་སྤྱན་སྔར་འཆགས། །   ཅུང་ཟད་འབད་ལས་ཐོབ་པའི་དགེས། །  ཀུན་གྱིས་འདི་དོན་རྟོགས་པར་ཤོག །  ཅེས་་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། ། 
རང་གི་སློབ་བུ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང་དོན་གྲུབ་ཕུན་ཚོགས་གཉིས་ཀྱིས་ དགོས་ཚུལ་ལྟར། །    མཁས་མཆོག་སུ་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་ དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།།



No comments: