Wednesday, September 03, 2014

རྟགས་ཀྱི་འཇུག་པའི་རྩ་བ་བཞུགས་སོ།


      རྟགས་ཀྱི་འཇུག་པའི་རྩ་བ།

རྒྱ་གར་སྐད་དུ། ལིངྒཱ་ཨ་བ་ཏཱ་ར་ནཱམ།  བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།།

སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།།
ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ།།
ཕོ་ཡིག་ཡི་གེ་འབའ་ཞིག་ལ།།
སྡེ་པ་ཕྱེད་དང་བརྒྱད་གནས་པའང༌།།

སྡེ་ཚན་ལྔ་རུ་དྲིལ་བྱས་ནས།།
ཡི་གེ་སུམ་བཅུ་ཐམ་པ་ལ།།
ཕོ་དང་མ་ནིང་མོ་དང་ནི།།
ཤིན་ཏུ་མོ་དང་བཞི་བཞི་རུ།།


སྡེ་བ་བཞི་པ་ཡན་ཆད་དབྱེ།།
ལྷག་མ་བཅུ་བཞི་གནས་པ་ལ།།
ཅ་སོགས་གསུམ་ནི་ཅ་སོགས་སྦྱར།།
ཝ་ནི་བ་དང་སྦྱར་བར་བྱ།།

ལྷག་མ་དྲུག་ནི་མོ་རུ་སྦྱར།།
ར་ལ་ཧ་ནི་མོ་གཤམ་སྟེ།།
མ་ནིང་མཚན་མེད་ཅེས་ཀྱང་བྱ།།
མོ་ཡི་ཡི་གེ་ནང་ནས་ནི།།

འཇུག་པའིཡི་གེ་བཅུ་དབྱུང་བྱ།།
འཇུག་པ་བཅུ་ཡི་ནང་ནས་ནི།།
སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།།
སྔོན་འཇུག་ཡི་གེ་ལྔ་པོ་ལ།།

ཕོ་དང་མ་ནིང་མོ་དང་ནི།།
ཤིན་ཏུ་མོ་དང་བཞི་རུ་དབྱེ།།
སྡེ་བ་བཞི་པ་ཡན་ཆད་དབྱེ།།
དེ་དག་རེ་རེའང་བཞི་བྱེད་དེ།།

གང་གིས་འཇུག་བྱེད་གང་ལ་འཇུག།
ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག།
གང་ལ་འཇུག་པར་བྱེད་ཅེ་ན།།
ཕོ་ནི་ཕོ་དང་མོ་ལ་འཇུག།

མོ་ནི་མོ་དང་མ་ནིང་ལ།།
ཤིན་ཏུ་མོ་ནི་མ་ནིང་དང༌།།
མོ་དང་ཤིན་ཏུ་མོ་ཉིད་ལའོ།།
མི་འཇུག་པ་ནི་འདི་ལྟར་ཏེ།།

ཕོ་ནི་མ་ནིང་ལ་མི་འཇུག།
མོ་ནི་ཕོ་ལ་འཇུག་མི་འགྱུར།།
མ་ནིང་རང་ལ་རང་མི་འཇུག།
རང་གི་སྡེ་དང་ཕྲད་པ་ན།།

ཕོ་ཡང་མོ་ལ་འཇུག་མི་འགྱུར།།
མ་ནིང་མོ་ཡང་དེ་བཞིན་ནོ།།
ཇི་ལྟར་འཇུག་བྱེད་ཅེ་ན།།
ཕོ་ནི་དྲག་པོའི་ཚུལ་གྱིས་འཇུག།

མ་ནིང་རན་པར་འཇུག་པ་ཡིན།།
མོ་ནི་ཞན་པའི་ཚུལ་གྱིས་ཏེ།།
ཤིན་ཏུ་མོ་ནི་མཉམ་པས་སོ།།
ཅི་ཕྱིར་འཇུག་པ་བྱེད་ཅེ་ན།།

ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།
མ་ནིང་གཉིས་ཀ་ད་ལྟ་ཆེད།།
མི་ནི་བདག་དང་མ་འོངས་ཕྱིར།།
ཤིན་ཏུ་མོ་ནི་མཉམ་པས་སོ། །

རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །
མོ་ལ་མོ་དང་ཤིན་ཏུ་མོ། །

མ་ནིང་འགྱུར་དང་མཚན་གཉིས་དང༌། །
མཚན་མེད་ན་ནིང་གསུམ་དུ་འདོད། །
དེ་ཡང་བྱེད་པ་བཞི་བྱེད་དེ།།
གང་ལ་འཇུག་བྱེད་གང་གིས་བྱེད།།

ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག།
གང་ལ་ཡི་གེ་ཐམས་ཅད་ལ།།
གང་གིས་བཅུ་པོ་དེ་དག་གིས། །
ཇི་ལྟར་རྣམ་པར་གཉིས་ཡིན་ཏེ། །

སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །
ཕོ་གསུམ་མོ་གཉིས་མ་ནིང་གསུམ། །
དྲག་ཞན་བར་མ་གསུམ་དུ་འཇུག།
དྲག་པ་གསུམ་གྱི་ནང་ཕྲད་དམ། །

གལ་ཏེ་ཞན་པ་ནང་ཕྲད་ན། །
དེ་ལའང་ནང་གི་ཆ་ཤས་ཀྱིས། །
དེ་ཡང་དྲག་ཞན་གཉིས་སུ་དབྱེ། །
མ་ནིང་གསུམ་དུ་གང་གཏོགས་པ། །

དྲག་དང་ཕྲད་ན་དྲག་པར་འགྱུར། །
ཞན་དང་ཕྲད་ན་ཞན་པར་འགྱུར། །
གཉིས་ཀ་དག་དང་ཕྲད་གྱུར་ན། །
དེ་ནི་གཉིས་ཀ་ཅན་དུ་འགྱུར། །

གཉིས་ཀ་དག་དང་མ་ཕྲད་ན། །
གང་དུ་ཡང་ནི་མི་འགྱུར་རོ། །
དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །
དོན་ནི་རྣམ་པར་གཉིས་ཡིན་ཏེ། །

སྔ་མ་གང་ལྟར་འགྱུར་བ་དང༌། །
ཕྱི་མ་གང་ལྟར་འགྱུར་བའོ། །
སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།།
ཕྱི་མ་དག་གི་འདྲེན་ཚུལ་ནི། །

ཕོ་ཡིས་ཕོ་ཡིག་མིང་མཐར་དྲངས། །
མོ་ཡིས་མོ་ཡིག་མིང་མཐར་དྲངས། །
མ་ནིང་གིས་ནི་མ་ནིང་ངོ༌། །
དེ་ཉིད་རང་གི་སྒྲ་མཐུན་པའི། །

ཆོས་དངོས་ལས་དང་བྱེད་པ་དང༌། །
སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། །
གནས་དང་བོད་པའི་སྒྲ་ཡང་དྲང༌། །
གཞན་ཡང་སླར་བསླུ་ལྷག་བཅས་དང༌། །

འབྱེད་སྡུད་བསྣན་དང་བདག་པོ་དང༌། །
དགག་སྒྲུབ་རྒྱན་དང་དུས་ལའང་འཇུག།
དེ་དག་སྔ་ཤུགས་འདྲེན་པས་འབྱུང༌། །
དེ་དག་ནང་གསེས་གང་འཇུག་པ། །

མཐར་སྦྱར་འོག་མའི་མིང་དོན་ལས། །
སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། །
དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌། །
ལས་བྱ་བླང་བྱ་བསྒྲུབ་པར་བྱ། །

སྔོན་དུ་འོས་པ་གནས་པའམ། །
གཞན་ཡང་ཚིག་དོན་གོང་འོག་ཏུ། །
བསྡུ་རྒྱུ་ཡོད་དམ་མེད་པ་དང༌། །
གོང་མ་ལས་ཀྱང་དེ་བཞིན་ཏེ། །

རྣམ་གྲངས་དག་ནི་བཀོད་པ་ལས། །
བསྐྱར་བ་ཡོད་དམ་མེད་པ་དང༌། །
ཕོ་སྒྲ་དང་ནི་མོ་སྒྲ་དག །
མིང་གི་མཐའ་ན་ཡོད་མེད་དང༌། །

རྒྱན་དུ་གྱུར་བ་རྣམ་ལ་ཡང༌། །
དོན་ལ་སྙེག་པ་ཡོད་མེད་དང༌། །
བསྟན་བྱ་ལྷག་མ་ཡོད་མེད་དང༌། །
ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །

དེ་དག་ནང་གསེས་རྣམ་པར་དབྱེ། །
ཅིའི་ཕྱིར་འཇུག་པ་བྱེད་ཅེ་ན།།
ཡི་གེའི་ཁོང་ནས་མིང་དབྱུང་སྟེ།།
མིང་གི་ཁོང་ནས་ཚིག་ཕྱུང་ནས།།

ཚིག་གིས་དོན་རྣམས་སྟོན་པར་བྱེད།།
མོ་ཡི་ཡི་གེ་མེད་པ་ན།།
ཕོ་ཡིག་བརྗོད་པ་མེད་པར་འགྱུར།།
ཕོ་ཡིག་དེ་དག་རྣམས་ལ་ཡང༌།།

འཇུག་པ་བཅས་པ་མེད་པ་ན།།
མིང་དང་ཚིག་ཀྱང་གསལ་མི་ནུས།།
མིང་ཚིག་གསལ་བ་མེད་ན་ནི།།
དོན་རྣམས་བརྗོད་པ་མི་འགྱུར་རོ།།

དེ་ལྟར་གྱུར་ན་འཇིག་རྟེན་ན།།
དོན་མཚོན་བརྗོད་པ་ཀུན་ཀྱང་མེད།།
རིག་བྱེད་སྨྲ་བའང་ཡོད་མི་འགྱུར།།
ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི།།

བསླབ་པ་རྣམས་ཀྱང་མེད་པར་འགྱུར།།
ཇི་ལྟར་འཇིག་རྟེན་སེམས་ཅན་དག།
ཕུང་པོ་ཁམས་དང་སྐྱེ་མཆེད་དང༌།།
གྲུབ་མཐའ་གཞན་ཡང་ཡོད་མོད་ཀྱང༌།།

རང་ཉིད་ཀྱིས་ནི་མི་ཤེས་བཞིན།།
དེ་བཞིན་ཡི་གེ་འཇུག་ཚུལ་རྣམས།།
སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌།།
རང་ཚུལ་དེ་དག་མི་ཤེས་པས།།

དོན་གྱི་སྦྱོར་བ་ག་ལ་ཤེས།།
དེ་ཕྱིར་སྨྲ་བའི་དབང་ཕྱུག་གི།
རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག།
བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎཱ་གཉིས་པའི་སྐབས་ཏེ་དྲུག་པའོ།།  །།






No comments: