Tuesday, August 08, 2017

༄༅།། རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་འགའ།

           ༄༅།། རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་འགའ།

༡ དྲི་བ། སྤྱིར་བསྟན་བཅོས་ལ་མིང་འདོགས་སྲོལ་དུ་མ་ཞིག་ཡོད་པ་ལས་རྟགས་འཇུག་གི་མིང་ཇི་ལྟར་བཏགས་པ་ཡིན། 
ལན། སྔོན་རྗེས་མིང་གསུམ་གྱི་ཡི་གེ་རྟགས་ཀྱི་སྒོ་ནས་ཕན་ཚན་འཇུག་པར་བྱེད་པས་ན། བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ་ཡིན་ནོ། །
༢ དྲི་བ། སྤྱིར་བོད་ཡིག་དབྱངས་གསལ་སོ་བཞི་རྟགས་དུར་དབྱེ་བ་ཡིན་ནམ། 
ལན། རྟགས་གཉིས་སུ་དབྱེ་བ་ཡིན་ཏེ། དབྱངས་བཞི་མོ་དང༌། གསལ་བྱེད་སུམ་ཅུ་ཕོ་ཡིན་ནོ། །
༣ དྲི་བ། ཕོ་ཡིག་གམ་མིང་གཞི་གསལ་བྱེད་སུམ་ཅུ་རྟགས་དུས་དབྱེ་བ་ཡིན་ནམ། 
ལན། རྟགས་ལྔས་དབྱེ་བ་ཡིན་ཏེ། 1ཀ་ཅ་ཏ་པ་ཙ་ལྔ་ཕོ། 2 ཁ་ཆ་ཐ་ཕ་ཚ་ལྔ་མ་ནིང༌། 3ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་སྟེ་བཅུ་གཉིས་མོ། 4 ང་ཉ་ན་མ་བཞི་ཤིན་ཏུ་མོ། 5 ར་ལ་ཧ་ཨ་བཞི་མོ་གཤམ་མམ་མཚན་མེད་དོ། །
༤ དྲི་བ། རྗེས་འཇུག་ཡི་གེ་བཅུ་མིང་གཞིའི་རྟགས་གང་གི་ཁོངས་ནས་ཕྱུང་བ་ཡིན། ལན། མིང་གཞིའི་མོའི་རྟགས་ཅན་གྱི་ཡི་གེ་ཉི་ཤུའི་ཁོངས་ནས་ཕྱུང་བའོ། །
༥ དྲི་བ། སྔོན་འཇུག་ལྔ་བོ་རྟགས་དུས་དབྱེ་བ་ཡིན་ནམ། 
ལན། 1བ་ཕོ། 2ག་ད་གཉིས་མ་ནིང༌། 3འ་མོ། 4 མ་ཤིན་ཏུ་མོ། །
༦ དྲི་བ། རྟགས་འཇུག་གི་འཇུག་པ་རྣམ་བཞི་ནི་གང༌། 
ལན། 1གང་ལ་འཇུག་པར་བྱེད་པ། 2གིས་འཇུག་པར་བྱེད་པ། 3 ཇི་ལྟར་འཇུག་པར་བྱེད་པ། 4 ཅིའི་ཕྱིར་འཇུག་པར་བྱེད་པའོ། །
༧ དྲི་བ། སྔོན་འཇུག་གི་ཡིག་གེ་ལྔ་གང་ལ་འཇུག་གམ། དྲིས་ལན། རང་རང་གི་འཇུག་ཡུལ་དུ་གྱུར་བའི་མིང་གཞིའི་ཡི་གེ་རྣམས་ལ་འཇུག་གོ། །
༨ དྲི་བ། སྔོན་འཇུག་གི་ཕོ་ཡིག་བ་ནི་གང་ལ་འཇིག་གམ། ལན། རྩ་བ་ལས། ཕོ་ནི་ཕོ་དང་མོ་ལ་འཇུག ། ཅེས་གསུངས་པས། མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང་མིང་གཞིའི་མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་ཡི་གེ་བཅུ་དྲུག་གི་སྔོན་དུ་འཇུག་གོ། །
༩ དྲི་བ། སྔོན་འཇུག་གི་མ་ནིང་ག་ད་གཉིས་གང་ལ་འཇུག་གམ། ལན། རྩ་བ་ལས། མ་ནིང་ཡང་ནི་ཕོ་མོ་ལའོ། ། ཞེས་གསུངས་པས། སྔོན་འཇུག་གི་མ་ནིང་ག་མིང་ གཞིའི་ཕོ་ཡིག་ཅ་ཏ་ཙ་གསུམ་དང༌། མིང་གཞིའི་མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་བཅས་ཡི་གེ་བཅུ་གཅིག་ལ་འཇུག སྔོན་འཇུག་གི་མ་ནིང་ད་ནི་མིང་གཞིའི་ཕོ་ཡིག་ཀ་པ་གཉིས་དང༌། མིང་གཞིའི་མོ་ཡིག་ག་ང་བ་མ་བཅས་ཡི་གེ་དྲུག་ལ་འཇུག་གོ། །
༡༠ དྲི་བ། སྔོན་འཇུག་གི་མ་ཡིག་འ་གང་ལ་འཇུག་གམ། ལན། རྩ་བ་ལས། མོ་ནི་མོ་དང་མ་ནིང་ལ། ། ཞེས་གསུངས་པས། སྔོན་འཇུག་གི་མོ་ཡིག་འ་ནི་མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་ལྔ་དང༌།  མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་བཅས་ཡི་གེ་བཅུ་ལ་འཇུག་གོ། །


༡༡ དྲི་བ། སྔོན་འཇུག་གི་ཤིན་ཏུ་མོ་མ་ནི་གང་ལ་འཇུག་གམ། ལན། རྩ་བ་ལས། ཤིན་ཏུ་མོ་ནི་མ་ནིང་དང༌། ། མོ་དང་ཤིན་ཏུ་མོ་ཉིད་ལའོ། ། ཞེས་གསུངས་པས། སྔོན་འཇུག་གི་ཤིན་ཏུ་མོ་མ་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང༌། མིང་གཞིའི་མོ་ཡིག་ག་ཇ་ད་ཛ་བཞི་དང༌། མིང་གཞིའི་ཤིན་ཏུ་མོ་ང་ཉ་ན་བཅས་ཡི་གེ་བཅུ་གཅིག་ལ་འཇུག་གོ། །
༡༢ དྲི་བ། གང་གིས་འཇུག་པར་བྱེད་ཅེས་པའི་དོན་ཅི། ལན། སྔོན་འཇུག་གི་ཡི་གེ་ལྔས་རང་རང་གི་འཇུག་ཡུལ་དུ་གྱུར་བའི་མིང་གཞིའི་ཡི་གེ་རྣམས་ལ་ འཇུག་པར་བྱེད་ཅེས་པའི་དོན་ནོ། །
༡༣ དྲི་བ། སྔོན་འཇུག་གི་ཡི་གེ་རྣམས་མིང་གཞིའི་ཡི་གེ་དག་ལ་ཚུལ་ཇི་ལྟར་འཇུག་གམ། ལན། རྩ་བ་ལས། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་གསུངས་པས། སྔོན་འཇུག་གི་ཕོ་བ་ནི་རང་གི་འཇུག་ཡུལ་དུ་གྱུར་བའི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པོའི་སྒོ་ནས་འཇུག་པ༼ 28 ༽དང༌། དེ་བཞིན་མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པར་འཇུག་པ་དང། མོ་ཡིག་འ་ནི་སྒྲ་རྩོལ་ཞན་པས་འཇུག་པ་དང༌། ཤིན་ཏུ་མོ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་གོ། །
༡༤ དྲི་བ། སྔོན་འཇུག་ལྔ་དགོས་པ་ཅིའི་ཕྱིར་འཇུག་གམ། ལན། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་གསུངས་པས། སྔོན་འཇུག་ཕོ་བ་ནི། དུས་གསུམ་ལས་འདས་པ་ལ་འཇུག་པ་ནི། དཔེར་ན། རླངས་འཁོར་བསྐོར། ལྟ་བུ། དངོས་པོ་གཞན་ལ་འཇུག་པ་ནི། དཔེར་ན། བསྐོར་བྱའི་རླངས་འཁོར། ལྟ་བུ། སྔོན་འཇུག་གི་མ་ནིང་ག་ད་གཉིས་དངོས་པོ་བདག་ལ་འཇུག་པ་ནི།  ཤིང་སྡོང་གཅོད་པ་བོ་དང་སྐུད་པ་དཀྲི་བ་བོ། ལྟ་བུ། དངོས་པོ་གཞན་ལ་འཇུག་པ་ནི། གཅད་བྱའི་ཤིང་དང་དཀྲི་བྱའི་སྐུད་པ། ལྟ་བུ། དུས་གསུམ་ལས་ད་ལྟ་བ་ལ་འཇུག་པ་ནི། དཔེར་ན། གཅོད་ཀྱིན་འདུག གཅོད་བཞིན་ཡོད། དཀྲི་ཡིན་ཡོད། དཀྲི་བཞིན་འདུག ལྟ་བུ། སྔོན་འཇུག་མོ་འ་ནི། དངོས་པོ་ལས་བདག་ལ་འཇུག་པ། དཔེར་ན། ལྷ་སར་འཁྲིད་པ་བོ། ལྟ་བུ། དུས་གསུམ་ལས་ད་ལྟ་བ་ལ་འཇུག་པ། དཔེར་ན། ལམ་དུ་འཁྲིད་ཀྱིན་ཡོད། དུས་མ་འོངས་པར་འཇུག་པ། དཔེར་ན། ལམ་དུ་འཁྲིད་པར་འགྱུར།ལྟ་བུ། སྔོན་འཇུག་ཤིན་ཏུ་མོ་མ་ནི། དངོས་པོ་བདག་ལ་འཇུག་པ། མཁས་པ། དངོས་པོ་གཞན་ལ་འཇུག་པ་མཁས་བྱ། དུས་འདས་པ་ལ་འཇུག་པ། མཁས་བར་གྱུར། དུས་ད་ལྟ་ལ་འཇུག་པ། མཁས་བཞིན་པ། དུས་མ་འོངས་པར་འཇུག་པ། མཁས་པར་འགྱུར། ལྟ་བུ།
༡༥ དྲི་བ། སྒྲོལ་མས་ཡིག་གེ་བྲིས། ཞེས་པ་འདིའི་སྟེང་ནས་བྱ་བྱེད་ལས་གསུམ་ངོས་ཟུངས། ལན། ཡི་གེ་བྲིས་པ་བྱ་བ་རེད། ཡི་གེ་འབྲི་བ་བོ་སྒྲོལ་མ་བྱེད་པ་བོ་རེད། ཡི་གེ་ལས་རེད་དོ། །
༡༦ དྲི་བ། བྱ་བྱེད་ཐ་དད་པའི་དཔེར་བརྗོད་ཅིག་འཇོག་ཤེས་སམ། ལན། མ་ཎི་འཁོར་ལོ་བསྐོར། ལྟ་བུ།
༡༧ དྲི་བ། བྱ་བྱེད་ཐ་མི་དད་ཀྱི་དཔེར་བརྗོད་ཅིག་འཇོག་ཤེས་སམ། ལན། འཁོར་ལོ་འཁོར། ལྟ་བུ།
༡༨ དྲི་བ། རྗེས་འཇུག་སྤྱིར་རྟགས་དུས་དབྱེས་སམ། ལན། 1ག་ད་བ་ས་བཞི་ཕོ། 2 ང་མ་འ་གསུམ་མོ། 3ན་ར་ལ་གསུམ་མ་ནིང་ངོ༌། །
༡༩ དྲི་བ། རྗེས་འཇུག་གི་རྟགས་བརྒྱད་ངོས་ཟིན་ནམ། ལན། ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་ཡོད་དེ། 1ག་མཐའ་སའི་ཡང་འཇུག་ཅན་ནི་སྐྱེས་བུ་རབ།དཔེར་ན། སྐྱོགས། ལྟ་བུ། 2 བ་མཐའ་སའི་ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང༌། དཔེར་ན། སྐྱོབས། ལྟ་བུ། 3 ག་ད་བ་སའི་ཡང་འཇུག་མེད་པ་སྐྱེས་བུ་ཐ་མ། དཔེར་ན། བཀག སྐད། བཀབ། སྐས། ལྟ་བུ། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཏེ། 1ང་མ་སའི་ཡང་འཇུག་ཅན་མོ་ཙམ་སྟེ། དཔེར་ན། བསྐུངས། བསྐུམས། ལྟ་བུ། 2 ང་མ་འའི་མཐའ་ཅན་ཡང་འཇུག་མེད་པ་ཤིན་ཏུ་མོ་སྟེ། སྐོང༌། སྐོམ། བཀའ། ལྟ་བུ། མ་ནིང་ལ་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང༌། མཚན་མེད་མ་ནིང་ གསུམ་སྟེ། 1 མིང་གཞིའི་ཕོ་ཡིག་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ དཔེར་ན། ཀུནད། དཀན། བསྒྱུརད། དཀར། སྩལད།  བཙལ། ལྟ་བུ། མིང་གཞིའི་མོ་ཡིག་མཐར་ཡང་འཇུག་མེད་པ་ཁོ་ན།དཔེར་ན། གན། གར། གལ། ལྟ་བུ། མིང་གཞི་མ་ནིང་གི་མཐར་ཡང་འཇུག་ཡོད་པ་ཁོ་ན། ཕྱིནད། ཐརད། འཕེལད། ལྟ་བུ། 2 མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ། དཔེར་ན། འཛིནད། འབྱོརད། བསལད། ལྟ་བུ།  3 མིང་གཞིའི་མ་ནིང་གི་མཐར་ཡང་འཇུག་མེད་པ་ཁོ་ན། དཔེར་ན། མཐུན། མཐོར། མཐོལ། ལྟ་བུའོ། །
༢༠ དྲི་བ། རྟགས་མཚུངས་འདྲེན་པའི་དཔེར་བརྗོད་ཅིག་འཇོག་ཤེས་སམ། ལན། 1ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན་པ། དཔེར་ན། ཅིག་ཅར། དཔྱིད་ཀ སྒྲུབ་པ། ཐུགས་ཀ ལྟ་བུ། 2 མོ་ཡིས་མོ་ཡི་མིང་མཐའ་འདྲེན་པ། དཔེར་ན། ཐང་ག ཐམ་ག དགའ་བ། ལྟ་བུ། 3 མ་ནིང་གིས་མ་ནིང་འདྲེན་པ། དཔེར་ན། དགུན་ཁ། དབྱར་ཁ། གསལ་ཁ། ལྟ་བུའོ། །
༢༡དྲི་བ། བརྗོད་བདེ་འདྲེན་པའི་དཔེར་བརྗོད་ཅིག་འཇོག་ཤེས་སམ། ལན། གངས་རི། ཚད་མ།   རྒྱལ་བ། ལྟ་བུའོ། །

No comments: