Monday, December 28, 2020

རྟགས་འཇུག་གི་མཆོད་བརྗོད།

༡༽ སི་ཏུ་རྗེས་འབྲངས་དང་བཅས་པ་རྩ་བ་རྟགས་ཀྱི་འཇུག་པ་ལ་མཚན་དོན། མཆོད་བརྗོད། འགྱུར་ཕྱག་མི་འདོད་པར་རྒྱུ་མཚན་དང་ཁུངས་གང་ཡོད་ཞིབ་ཏུ་ཕྲིས།


     སི་ཏུ་རྗེས་འབྲངས་དང་བཅས་པ་རྩ་བ་རྟགས་ཀྱི་འཇུག་པ་ལ་མཚན་དོན། མཆོད་བརྗོད། འགྱུར་ཕྱག་མི་འདོད་པར་རྒྱུ་མཚན་ནི་སློབ་དཔོན་ཐོན་མི་སཾ་བྷོཊས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པ་གྲགས་ལ་བསྟན་བཅོས་དེ་དག་ཐོན་མིས་འཇུག་པ་གཅིག་གི་བརྩམས་པ་སོང་ཙ་ན། རྟགས་འཇུག་སོགས་གཞུང་ཕྱི་བ་དེ་དག་ལ་མཚན་གྱི་དོན་དང་། མཆོད་བརྗོད། འགྱུར་གི་ཕྱག་སོགས་མི་འདོད། དེ་ཡང་སི་ཏུའི་འགྲེལ་ཆེན་རང་ལས། སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་ཞེས་དང་། 

སུམ་ཅུ་པའི་སྐབས་སུ། མྰུ་ལ་ནི་རྩ་བ། རྩ་བ་ཞེས་པ་ཐུ་མིས་བསྟན་བཅོས་བརྒྱད་བརྩམས་པའི་བསྟན་བཅོས་གཞན་ཀུན་གྱི་ཕྱི་མོའང་རྩ་བ་ཡིན་པ་དང་། རྟགས་འཇུག་ཏུ་ཆོས་དངོས་ལས་དང་། ཞེས་རྣམ་དབྱེ་བརྒྱད་ཀྱི་མཚན་ཉིད་སྟོན་པས་རྩ་འགྲེལ་ཡིན་ཞེས་པ་མཆོད་དང་རྩོམ་པ་དམ་བཅའ་བ་ནི། སྐབས་གཞན་གྱི་ཐུན་མོང་བ་ཡིན་པ་རྟགས་འཇུག་ལ་དེ་མེད་པས་གསལ་ཞིང་ཞེས་པ་ཁུངས་སུ་དྲངས་ནས་རྟགས་འཇུག་ལ་མཆོད་བརྗོད་དང་རྩོམ་པ་དམ་བཅའ་མི་བཞེད་པའང་དེ་ཉིད་དོ།།


འདིར་མདོར་འདྲི་ནས་བརྗོད་དོན་ལ། སི་ཏུའི་མཆོད་བརྗོད་དང་རྩོམ་པ་དམ་བཅའ་བ་མི་འདོད་པ་ནི་གོང་དུ་སྒྲུབ་བྱེད་བཀོད་པ་དེ་དང་། སི་ཏུས་རྗེས་འབྲངས་ཕལ་མོ་ཆེ་བའི་སྨྲ་དོན་ལ། མཆོད་བརྗོད་དང་རྩོམ་པ་དམ་བཅའ་མཛད་ནས་རྟགས་འཇུག་སོགས་གཞུང་ལྷག་མ་བདུན་གྱི་ཐུན་མོང་བར་བཞེད་དོ་ཞེས་དང་། ཡང་། རྩ་བ་རྟགས་ཀྱི་འཇུག་པ་ལ་མཚན་དོན་མི་བཞེད་པ་ནི་ཐོན་མིས་བསྟན་བཅོས་བརྒྱད་འཇུག་པ་གཅིག་གི་བརྩམས་པ་ཡིན་པས་སོ།། ཡང་། སི་ཏུས། རྟགས་འཇུག་ལ་འགྱུར་ཕྱག་མི་བཞེད་པའི་རྒྱུ་མཚན་ཡང་། ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀ་བྱིངས་གཅིག་ཏུ་བརྩམས་པའི་ལུགས་སུ་བྱས་པས་ཡིན། ཞེས་སོགས་ཁུངས་སུ་དྲངས་པ་དེབ་ཐེར་ཀུན་ལས་དགུང་གི་རྟ་བདུན་དབང་པོ་འམ་ཉི་མ་ལྟར་གསལ་བ་འཆར་བ་བཞིན་ནོ། །


སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བའི་རྟགས་འཇུག་ལ་མཆོད་བརྗོད་དང་འགྱུར་ཕྱག་དང་རྩོམ་པ་དམ་བཅའ་མི་འདོད་པ་དེ་ཡང་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་རྟགས་འཇུག་གི་འགྲེལ་དེར་རྒྱ་སྐད་དང་བོད་སྐད་གཉིས་ཀའི་མཚན་མི་འབྱུང་བ་ལ་ཞིབ་ན་འགྲེལ་བ་དེ་ལ་གཞི་བཅོལ་མིན་འགྲོ་བསམ་མོ། །


གཞན་ཡང་། སྣང་ཐར། ཅོ་ནེ། པེ་ཅིན། སྡེ་དགེ་བཅས་ཀྱི་བསྟན་བཅོས་ནང་དུ་ཡོད་པའི་རྩ་ཚིག་ཏུའང་ཚིག་རྐང་གཉིས་<< སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། ། >> པོ་འདི་གསལ་བར་འཁོད་འདུག་ཅེས་དང་། ཡང་། དབུས་པ་བློ་གསལ་རྩོད་པའི་སེངྒེ་ཡི་རྟགས་འགྲེལ་དུ། འགྲེལ་བ་དེར། << སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། ། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། ། >>འདིས་ནི་གང་གི་ཆེ་དུ་ཕྱག་འཚལ་ན། ཆོས་གཉིས་དང་ལྡན་པའི་ཐམས་ཅད་མཁྱེན་པ་དེའི་ཆེད་དུའོ་ཞེས་མཆོད་པར་བརྗོད་པ་བསྟན་ཏེ། 

འདི་ནི་ཕྱིས་གཞན་གྱིས་བཅུག་པའོ་ཞེས་གསུངས་པ་ལ་ཞིབ་ན་སུ་ཏི་པཎ་ཆེན་གྱི་དགོངས་པ་གཞི་བཅོལ་ས་ཞིག་མེད་པ་མ་ཡིན་པར་བསྟན་འགྱུར་དེ་ཚོ་ལ་ཁུངས་བཅོལ་ཡོད་སྲིད། ལ་སོགས་པ་དེ་ཚོ་རིགས་ནི་མཁས་པ་སོ་སོའི་དགོངས་ཚད་ལས་དཔྱིན་ཕྱིན་པའི་ཁུངས་ལྡན་ལོ་རྒྱུས་ཡིན་མིན་ཐུགས་ཐག་གཅོད་དཀའ་བས་ད་དུང་ཟུར་གནས་བློ་ལྡན་རྣམས་ཀྱི་སྤྱན་མིག་ཡངས་པོ་དཔྱད་པ་བྱེད་པ་རིགས་སོ།། 


No comments: