Tuesday, September 23, 2014

བོད་ཡིག་དབུ་ཅན་ཤད་ཀྱི་འཐོབ་ཚུལ་བཤད་པ།


                                                                                 སྤྱང་ཤུལ་འཇམ་དབྱངས་ཤེས་རབ།

མཚུངས་ཟླ་མེད་པའི་བླ་མ་དམ་པ་རྡོ་གྲུབ་ཆེན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་བརྗོད་འདོད་པ་ནི། བོད་ཀྱི་བརྡ་སྤྲོད་རིག་གནས་རྣམས་སུ་བྱུང་བའི་བོད་ཡིག་དབུ་ཅན་ཤད་ཀྱི་འཐོབ་ཚུལ་བཤད་པ་དེ་ཡིན། དེས་ན་དེ་ལ་རྣམ་གྲངས་དུ་ཡོད་དང༌། སོ་སོའི་ངོས་འཛིན། དེ་ཇི་ལྟར་འཇུག་ཚུལ།  འཕྲོས་དོན་བཤད་པ་སྟེ་བཞི་ལས།
དང་པོ། མཁས་པའི་དབང་བོ་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས། ཤད་ལ་ཆིག་ཤད་ཉིས་ཤད་དང༌། །བཞི་ཤད་སྦྲུལ་ཤད་ཚེག་ཤད་དང༌། །རིན་ཆེན་སྤུངས་ཤད་བཅས་ཏེ་དྲུག །གཏེར་ཡིག་ཚེག་ཤད་ཅེས་པའང་ཡོད། །ཅེས་གསུངས་སོ། །སྤྱིར་བཏང་བོད་ཡིག་ལ་དབུ་ཡོད་མེད་གང་ལྟར་ཡང་ཚིག་རྐང་མི་འཁྲུག་པའི་ཆེད་དུ་ཤད་ཀྱི་རྒྱ་རེ་འཇོག་སྲོལ་ཡོད་ཅིང་།  དབུ་ཅན་གྱི་ཤད་འདི་དབྱིབས་ཕུར་བ་དང་འདྲ་བས་ཕུར་ཤད་ཅེས་ཀྱང་བྱའོ།


གཉིས་པ། ཆིག་ཤད་ནི་འདི་༼ ༽དང༌། ཉིས་ཤད་ནི་འདི་༼ ༽དང༌། བཞི་ཤད་ནི་འདི་༼།། །། དང༌། སྦྲུལ་ཤད་ནི་འདི་༼ ༽དང༌། ཚེག་ཤད་ནི་འདི་༼ ༽དང༌། རིན་ཆེན་སྤུངས་ཤད་ནི་འདི་༼   དང༌། གཏེར་ཡིག་ཚེག་ཤད་ནི་འདི་༼ ཡིན་པར་གངས་ཅན་མཁས་པའི་དབང་པོ་དག་དགོངས་མཐུན་གྱིས་བཞེད་དོ།
གསུམ་པ། ཆིག་ཤད་ནི། ཚིག་ལྷུག་གི་བཅད་མཚམས་རེ་རེ་ལ་འཐོབ་སྟེ། དཔེར་ན། ཀ་བ། བུམ་པ། བ་ལང༌། རྟ། སོགས་ལ་རེ་རེའི་མཇུག་ཏུ་ཆིག་ཤད་འཐོབ་པ་དེ་ཡིན།
ཉིས་ཤད་ནི་ཚིགས་སུ་བཅད་པའི་རྐང་མཐར་འཐོབ་ལ་དཔེར་ན། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང༌། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །ཞེས་པ་ལྟ་བུའོ། ལྷུག་པ་ཡིན་ཡང་རྫོགས་ཚིག་ཅན་མཐར་ཉིས་ཤད་འཐོབ་པ་ཡིན་ལ། དཔེར་ན། མིའོ། །ལྷའོ། །དེའོ། །འདིའོ། །ཞེས་སོགས་ལྟ་བུའོ། །འོན་ཀྱང་དེང་དུས་བརྙན་འཕྲིན་སོགས་ཀྱི་ནང་དུ། དཔེར་ན། །ཞི་བདེའི་དེད་དཔོན་ཆེན་མོ། ༽ཞེས་པ་ལྟ་བུའི་གོང་དུ་ཚིག་རྐང་གཞན་མེད
་པར་མགོ་མཇུག་གཉིས་ཀར་ཤད་བཞག་ཡོད་པ་རྣམས། མ་དག་རྒྱུན་འབྱམས་ཡིན་པར། མཁས་དབང་ཆེན་མོ་དམུ་དགེ་བསམ་གཏན་སོགས་ཀྱིས་གསུངས་ལ། འཐོབ་ཀྱང་མི་སྲིད་དེ།ཤད་ཚིག་རྐང་མགོར་འཐོབ་ཚུལ་བོད་ཀྱི་བརྡ་སྤྲོད་རིག་གནས་རྣམས་སུ་མ་གསུངས་པའི་ཕྱིར་རོ།
བཞི་ཤད་ནི་ཚེ་ཏན་ཞབས་དྲུང་གིས།  སྡེ་ཚན་ཆེ་བ་རྫོགས་པ་དང༌།
ལེའུ་འུའི་མཚམས་སུ་བཞི་ཤད་འབྲི། །ཞེས་གསུངས་པ་ལྟར། དཔེར་ན། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ།། །།ལྟ་བུ་དང༌། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།ཞེས་པ་ལྟ་བུའོ། །སྐབས་འདིར་ཤེས་དགོས་པ་ཞིག་ལ་ཚེ་ཏན་ཞབས་དྲུང་གིས། ཀ་ག་ཤ་རྐང་ཤད་རེར་རྩི། །ཞེས་གསུངས་པ་ལྟར་དཔེར་ན། དཔྱིད་ཀསོས་ཀསྟོན་ཀལྟ་བུ་དང༌། ཟོག་ཤལུག་ཤཕག་ཤལྟ་བུ། ཡལ་གགསུམ་གལྟ་བུ། ཡང་ན། ཡི་གེའི་གཟུགས་ལ་དབུ་ཅན་དང༌། །དབུ་མེད་གཉིས་ཡོད་ཡིག་དཀར་ནག །ཅེས་པ་ལྟ་བུ་ཕྱི་རྐང་ཅན་གསུམ་བྱུང་ཚེ་དེ་གསུམ་གྱི་རྐང་པས་ཤད་གོ་ཆོད་པས། ཆིག་ཤད་ལོགས་སུ་འབྲི་མི་དགོས་ལ། ཉིས་ཤད་ལ་ཆིག་ཤད་དང༌། བཞི་ཤད་ལ་སུམ་ཤད་ལས་མི་འབྲི་བ་སྔོན་བྱོན་མཁས་པའི་ཕྱག་བཞེས་ཡིན་ལ། དབྱངས་བཞི་དང་མགོ་འདོགས་གང་རུང་ལྡན་ན་ཀ་ག་ཤ་གསུམ་གྱི་རྐང་པས་ཀྱང་ཤད་གོ་མི་ཆོད་པ་ཞིབ་ཆ་ཡིན་ནོ།
སྦྲུལ་ཤད་འཐོབ་ཚུལ་ནི། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་ཚང་གིས། ལེའུ་སྔ་ཕྱིའི་མཚམས་དང། དོན་ཚན་ཆེ་ཁག་གི་མགོར་ཉིས་ཤད་དང༌། བཞི་ཤད་ཀྱི་བར་དུ་སྦྲུལ་ཤད་འཐོབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དཔེར་ན། རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ཡིན། །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །ལྟ་བུ་དང༌། ནགས་ཚལ་དང་སྨན་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།འཕྲོག་བྱེད་གདོང་ལྔ་རལ་བ་ཅན། །ཞེས་པ་ལྟ་བུ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ་ལེའུ་དགུ་བའོ།། །།བདག་གིས་བྱང་ཆུབ་སྤྱོད་པ་ལ། །ཞེས་པ་ལྟ་བུར་འཐོབ་པ་ཡིན་ནོ། །༥ ཚེག་ཤད་ནི། བོད་ཡིག་ལ་རྒྱ་རིམ་པ་བདུན་ཞེས་གྲགས་པ་ལས་བརྗོད་དོན་མི་འཁྲུག་པ་པའི་ཆེད་དུ་བཏབ་པ་ཞིག་ཡིན།  དཔེར་ན་ཐོན་མིའི་ཞལ་ལུང་ལས། ༼དངངསབརམདརབདག༽ཅེས་པ་ལྟ་བུ་ལ་བར་ཚེག་མེད་ཚེ་གཉིས་རེ་གཉིས་རེའི་བར་ནས་གཅོད་དམ། ༼དང་ངས་བར་མད་རབ་དག༽བཞི་དང་གཉིས་དང་གསུམ་དང་གསུམ་ ༼དངངས་བར་མདར་བདག༽ གྱི་བར་ནས་གཅོད་མི་ཤེས་པས་འཕུལ་རྟེན་མིང་གསུམ་གྱི་དབྱེ་བ་མི་ཕྱེད་ཅིང་བཀླག་དཀའ་ཞེས་གསུངས་པ་ལྟར། ཤད་གཞན་དག་འཐོབ་ས་མ་ཡིན་ལ་ཚེག་ཁྱིམ་གཅིག་ཏུ་བཅད་པ་མེད་ན། སྔོན་རྗེས་མིང་གསུམ་གང་ཡིན་ངོས་ཟིན་དཀའ་ཞིང༌། འཕུལ་རྟེན་མིང་གསུམ་གྱི་དབྱེ་བ་མ་ཕྱེད་པར་མིང་ཚིག་གི་འཇུག་པ་འཆོལ་བར་འགྱུར་བས་ཚེག་ཤད་འབྲི་དགོས་ལ། འོན་ཀྱང་རིག་བྱེད་སྒོ་མོའི་གཞུང་ལམ་ལས། ང་མཐར་ཤད་གོང་ཕྱི་ཚེག་འབྲི། །ང་རྐང་ཤད་དང་མི་འདྲེས་ཆེད། །ཅེས་གསུངས་པ་ལྟར་ར་ལ་ས་ཡི་མགོ་དང་མི་ལྡན་པའི་ང་མཐའ་ཅན་ལ་ཤད་གཞན་ཐོབ་ཀྱང་དེའི་གོང་དུ་ཕྱི་ཚེག་འབྲི་བའི་ཕྱག་སྲོལ་ཡོད་དོ།

རིན་ཆེན་སྤུངས་ཤད་ནི། སུམ་ཅུ་པའི་སྙིང་པོ་རིག་བྱེད་སྒོ་མོའི་གཞུང་ལམ་ལས། ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཕྱི་རྐང་ཅན་གསུམ་བྱུང་ན་ཡང༌། །སྤུངས་ཤད་བཅར་བའི་ཚུལ་གྱིས་བརྟེན། །ཡིག་རྡོག་གཉིས་སམ་གསུམ་མཐའ་རུ། །བྲིས་ཚེ་དེ་ཡི་དགོས་པ་སྟོར། །ཞེས་གསུངས་པ་ལྟར་དཔེར་ན། ཀུན་རྩ་ཡི་གེ་འདི་ཁོ་ན། །ཞེས་པའི་ན་ཡིག་ཐིག་ཕྲེང་དེར་མ་ཤོང་ཚེ་ཐིག་ཕྲེང་གཞན་པའི་དབུར་ཁེལ་འགྲོ་བ་ཡིན་ལ།དེའི་ཚེ་ཅུང་ཟད་ཚུགས་མི་ཐུབ་པ་འདྲ་བ་སྟེ་མིག་ལམ་ནས་སྟོར་འགྲོ་བ་འབྱུང་བའི་ཕྱིར་ན་དེ་ལ་འདི་ལྟར་འབྲི་བ་རེད།༼ན༑ །༽དེ་སླད་ཐོག་མར་སློབ་པ་གཅེས། །ཞེས་པ་ལྟ་བུའོ། །ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་ལས། སྤྱིར་ཀ་ག་ཤ་གསུམ་ཕྱི་རྐང་ཅན་གྱི་ཡི་གེ་ཡིན་པས་ཤད་ཀྱི་མཚམས་སུ་ཁེལ་ཚེ་དེ་གསུམ་གྱི་རྐང་པས་ཤད་ཀྱི་གོ་ཆོད་ལ།སྤུངས་ཤད་ཐོབ་པའི་སར་བྱུང་ཚེ་དེ་གསུམ་གྱི་རྐང་བས་ཤད་གོ་མི་ཆོད་པའི་ཞིབ་ཆ་
ཤེས་དགོས་སོ། །ཞེས་རྨད་དུ་བྱུང་བའི་གསུང་གནང་མཛད་ཡོད་པ་ནི་དོན་ལ་གནས་པའི་ལེགས་བཤད་དོ། །བོད་རྒྱ་ཚིག་མཛོད་དུ། ཡིག་ཕྲེང་གཡོན་ཕྱོགས་ཀྱི་མགོར་ཡིག་འབྲུ་གསུམ་མ་ཚང་ན་༼༑༽ འདི་ལྟ་བུ་འབྲི་དགོས་ཞེས་བཀོད་འདུག་ཀྱང༌། ཡིག་ཕྲེང་གཡོན་ཕྱོགས་ཡིན་ན་ཕྲེང་མགོར་གོ་དཀའ་སྙམ་མོ། །དེས་ན་གཡས་ཕྱོགས་ཟེར་དགོས་པ་ལ་ཡིག་ནོར་ཤོར་བ་འདྲའོ། །གོང་གསལ་ལྟར་ཨ་ལགས་ཚེ་ཏན་ཚང་གིས་ཡིག་རྡོག་གཉིས་སམ་གསུམ་གྱི་མཐར་སྤུངས་ཤད་འབྲི་བ་ལ་དགོས་པ་མེད་པར་བཞེད་པ་དང༌། མཁས་པ་འགའ་དང་ཚིག་མཛོད་ཆེན་མོར་ཡིག་འབྲུ་གཅིག་ནས་གསུམ་གྱི་མཐར་སྤུངས་ཤད་ཐོབ་པར་གསུངས་པ་དག་ལ་མཐའ་གཅིག་པའི་སྨྲ་བ་མི་འོས་ཀྱང༌། རིགས་ལམ་དང་མཐུན་ཚབ་ཆེ་བ་དང༌། ཁྲིད་རྒྱུན་ཡང་དེ་ལྟར་སྣང་བས་བརྩེགས་འདོགས་དབྱངས་གསུམ་ཕུད་ཡིག་རྡོག་གཉིས་སམ་གསུམ་གྱི་མཐར་སྤུངས་ཤད་འབྲི་བ་ལ་དགོས་པ་སྟོར་བར་འཆད་དོ། །ཡང་ཚིག་མཛོད་དུ། དེ་ཡང་རྫོགས་ཚིག་གི་ན་རོ་ཅན་དང༌། ཚིགས་བཅད་ཀྱི་རྐང་མཐའ་འཁེལ་ཚེ་སྤུངས་ཤད་གཉིས་རེ་དང༌། གཞན་ལ་རེ་རེ་འབྲི་དགོས་ཤིང༌། འདི་ལ་ཀྱོག་ཤད་ཀྱང་ཟེར་ཞེས་བཀོད་པ་དང༌། ཁ་ཅིག་གིས་རིན་ཆེན་སྤུངས་ཤད་ལ་ཉིས་ཤད་དང་བཞི་ཤད་ཀྱི་དབྱེ་བ་མེད་ལ་ཕྲེང་མགོའི་ཡིག་འབྲུ་དེའི་ཚུགས་ཐུབ་པའི་ཆེད་དུ་ཤད་འདིའི་འབྲི་སྲོལ་བྱུང་བ་ཡིན་ཙ་ན་ཤད་ཅིག་ཤོས་སྤུངས་ཤད་དུ་བྲིས་པ་ལ་དགོས་པ་ཡོད་པར་མི་སྣང༌། གལ་ཏེ་ད་དུང་ཨུ་ཚུགས་མི་གཏོང་ན་ཆིག་ཤད་འཐོབ་པའི་སར་བྱུང་ཚེ་སྤུངས་ཤད་གཅིག་གིས་ཀྱང་ཚུགས་ཐུབ་པའི་རྒྱུ་མཚན་དྲིའོ། །ཞེས་གསུངས། སྡེ་དགེ་སོགས་དཔར་ཡིག་དག་ཏུའང་མང་ཉུང་གི་ཁྱད་ཙམ་ལས་གཉིས་ཀར་ཡང་མཐོང་ངོ༌། །འོན་ཀྱང་ཕྱི་མ་ལྟར་འཆད་ན་བདེ་སྙམ་མོ།
གཏེར་ཡིག་ཚེག་ཤད་ནི། གཏེར་ཆོས་ཡིན་ཕྱིན་ཤད་གཞན་དག་གི་ཚབ་ཏུ་འདི་འབྲི་བ་ཡིན་ལ། འདི་གཏེར་སྟོན་ཁག་གིས་རང་བཟོ་ཡིན་པས་བོད་ཀྱི་ཤད་ཁོངས་སུ་འཇོག་པ་མི་འཐད་ཅེས་གསུང་གནང་མཛད་མཁན་བྱུང་ཡང༌། ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་མྱོང་རོལ་ཁྲོད་དུ་སྔོན་གྱི་ཡིག་རྙིང་དག་ཏུའང་མཐོང་བར་བཤད་ཅིང་མཐོང་དུ་ཡོད་པས། དངོས་ཡོད་གཏེར་ཆོས་རྣམས་སུ་བྱུང་བའི་གཏེར་ཚེག་ཅེས་པ་དེ་ཡང་ཁུངས་དང་ལྡན་པར་གྱུར་པ་ཡིན་ནོ།

བཞི་པ་འཕྲོས་དོན་བཤད་པ་ནི། དེ་ལ་འདིར་ས་སྐྱའི་བྱིས་འཇུག་རྩ་འགྲེལ་ལས་བསྟན་པའི། ཡི་གེ་སོ་སོའི་བར་དུ་འཇུག་པ་བར་ཚེག་སྲོག་གི་ཨ། ཞེས་དང༌། རྒྱ་རིམ་པ་བདུན་ལས། ཚིག་མི་འཁྲུག་པ་ཚེག་གི་རྒྱ། ཞེས་བརྗོད་པ་དག་གི་བསྟན་དོན་ནི། ཚེག་ཤད་ཅེས་པ་འདི་ཡིན་ལ། གཞན་བྱིས་འཇུག་ལས། མཐའ་མར་འཇུག་པ་རྣམ་པར་གཅོད་པ་ཤད་ཀྱི་ཨ་ཞེས་པ་དང༌། རྒྱ་རིམ་པ་བདུན་ལས། ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ། ཞེས་པ་འདི་གཉིས་ཀྱིས་ཤད་ལྷག་མ་རྣམས་བསྟན་པ་ཡིན་ལ། དེས་ན་བོད་ཀྱི་རིག་གཞུང་ཀུན་ན་འབྱུང་བའི་རྒྱ་རིམ་པ་བདུན་ནི།  བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ༡དོན་མི་འཁྲུག་པ་ཚེག་གི་རྒྱ།  ༢ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ།  ༣ཚིག་དོན་མི་འཁྲུག་པ་ལེའུའི་རྒྱ།  ༤ཤོ་ལོ་ཀ་མི་འཁྲུག་པ་བམ་པོའི་རྒྱ།  ༥བམ་པོ་མི་འཁྲུག་པ་བམ་པོའི་གྲངས་ཀྱི་རྒྱ།  ༦མཐའ་སྣེ་མི་འཆོལ་བ་སྣེ་ཐིག་གི་རྒྱ།  ༧གླེགས་བམ་མི་འཁྲུག་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ།  ཞེས་བཀོད་ཡོད་ལ་སྤྱིར་བཏང་གླེགས་བམ་ཞིག་ལ་ཚང་དགོས་པའི་རྒྱ་རིམ་པ་བདུན་ནི་དུང་དཀར་རིན་པོ་ཆེའི་བོད་ཀྱི་དཀར་ཆག་རིག་པ་ལས།  པོ་ཏི་ཟེར་བ་ནི་རྒྱ་གར་སྐད་ཀྱི་པུ་སྟི་ཀ་ཞེས་པའི་ཟུར་ཆག་ནས་པོ་ཏི་དང་།  དེ་ཡང་ཚིག་སྡུད་བྱས་པའི་མིང་ལ་པོད་ཅེས་བརྗོད་པ་ཡིན་ཅིང་།  བོད་སྐད་རང་ཉིད་ཀྱི་མིང་ནི་གླེགས་བམ་ཟེར།  དེ་ནི་རྒྱ་རིམ་པ་བདུན་དང་ལྡན་པ་ཞིག་སྟེ།  ༡བརྗོད་དོན་མི་འཁྲུག་པའི་ཆེད་དུ་སྡེ་ཚན་གྱི་རྒྱ།  ༢གླེགས་བམ་ཕན་ཚུན་མི་ནོར་བའི་ཆེད་ཀ་ཐོའི་རྒྱ།  ༣ལེན་ཚན་མི་ནོར་བའི་ཆེད་སྤྱན་ཁྱེར་རྒྱ།  ༤ཆད་ལྷག་མི་འབྱུང་བའི་ཆེད་ཤོག་གྲངས་ཀྱི་རྒྱ།  ༥མཐའ་སྣེ་མི་འཆོལ་བའི་ཆེད་སྣེ་ཐིག་གི་རྒྱ།  ༦སྲུང་སྐྱོབ་ཀྱི་ཆེད་གླེགས་ཤིང་སྐུ་རགས་ཀྱི་རྒྱ།  ༧མཆོད་པའི་ཆེད་དུ་ན་བཟའི་རྒྱ་བཅས་ཡོད།  རྒྱ་རིམ་པ་བདུན་གྱི་ནང་ནས་གཞན་དག་གོ་སླ་ཞིང་སྤྱན་ཁྱེར་ཞེས་པ་ཤོག་ལྡེབ་མདུན་ངོས་ཀྱི་གཡོན་ཟུར་དུ་ཡོད་པའི་མཚན་བྱང་དང་།  གདོང་དར་གྱི་ངོས་སུ་ཡོད་པའི་མཚན་བྱང་བསྡུས་པ་གཉིས་ལ་ཟེར།  ཞེས་གསུངས་པ་ལྟ་བུ་ཡིན་པས་གོང་དུ་ཚིག་མཛོད་ལས་དྲངས་པའི་རྒྱ་རིམ་པ་བདུན་ནི་བོད་ཡིག་ལ་སྲོག་རྐྱེན་རྣམ་བདུན་ཞེས་འཆད་དུ་ཡོད་པ་ལྟར་བོད་ཡིག་གི་ཆ་རྐྱེན་ལ་ཚང་དགོས་པའི་རྒྱ་ཡིན་ལ།  དུང་དཀར་ཚང་གིས་གསུངས་པའི་རྒྱ་རིམ་པ་བདུན་ནི་གླེགས་བམ་དུ་དྲིལ་བའི་ཚེའམ་གླེགས་བམ་བྱས་ཉར་བའི་ཚེ་ན་ཚང་དགོས་པ་ཡིན་པས་འདི་གཉིས་ཀྱི་ཤན་མ་འཁྲུག་པ་ཞིག་ཤེས་ན་ལག་ལེན་དངོས་མྱོང་གི་སྟེང་ན་ཕན་ནུས་ཟབ་བོ།  འདིའི་ཐ་སྙད་ཀྱི་ཁུངས་ནི་མཁས་པ་སྔ་མ་དག་གིས་འཕགས་པ་བརྒྱད་སྟོང་པའི་རྟག་ཏུ་ངུའི་ལེའུར། གསེར་གྱི་གླེགས་བམ་ལ་རྒྱ་རིམ་པ་བདུན་བཏབ་ནས་བཞགཅེས་གསུངས་པ་ལྟ་བུ་ལས་ཤེས་པར་བྱའོ།  དེ་འདྲའི་ཤེས་བྱ་ཕྲ་མོ་དག་ལའང་མནོ་བསམ་ཅུང་ཟད་རེ་གནང་རིགས་སོ།
ད་དུང་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་བྱུང་བའི་དབུ་ཁྱུད་དང༌། དང་ཀྱོགབེརྒ་ཞེས་བསྙད་པ་དེའི་འཐོབ་ཚུལ་ནི། བློ་གསལ་འཇུག་ངོགས་ལས། ལཉྫ་དང་ཝརྟུ་སོགས་སྔོན་རྒྱ་གར་གྱི་ཡིག་རིགས་ཐམས་ཅད་ལ་ཡིག་མགོར་དབུ་ཁྱུད་ཉིས་ཤད་དང་བཅས་པ་འཇོག་པ་བཞིན། བོད་འདིར་ཡང་ཡིག་མགོར་དབུ་ཁྱུད་ཉིས་ཤད་ཅན་འདི་༼༄༅། །༽ འདི་ཐོབ། ཅེས་གསུངས་པ་ལྟར་རོ། །ཚེ་ཏན་ཞབས་དྲུང་གིས། འོ་འུ་འམ་འང་ཚེག་བར་ནི། །རྐང་བ་ཚང་དང་མ་ཚང་བའི། །དབང་གིས་འཐོབ་ཚུལ་སྐབས་དང་སྦྱར། །ཞེས་པ་ལྟ་བུ་སོགས་ཀྱི་དོན། ལག་ལེན་དུ་མ་ཐེབ་པ་འགའ་རེ་བདོག་ཀྱང་ཡིག་ཚོགས་མང་བ་ལས་ཕན་པ་འབྱུང་རྒྱུ་དཀའ་སྙམ་མོ། །གང་ལྟར་འདི་དག་ལག་ལེན་ལ་འཁྱོལ་ཅི་ཐུབ་གནང་རྒྱུ་ནི་རང་ཅག་ཕྱི་རབས་པ་དག་གི་ལས་སྐལ་དུ་བབ་པ་ཁོ་ནའོ་སྙམ་མོ། །གཞན་གུས་པ་མཚོན་བྱེད་དུ་རྗེས་སུ་འཕགས་ནོར་བདུན་མཚོན་བྱེད་རེད་ཀྱང་ཟེར་གང་ལྟར་བོད་ཀྱི་ཨང་ཀི་བདུན་པ་འདྲ་ཞིག་བླ་མ་མི་དཔོན་སོགས་ཆེན་པོ་རྣམས་ཀྱི་མཚན་གོང་དུ་འདི་འདྲ་༧ཞིག་འགོད་སྲོལ་འདུག་ཅིང་།  ཁ་ཅིག་གིས་དེ་ལ་གུས་ཤད་ཅེས་བརྡ་གསར་འདོགས་བྱས་འདུག་ཀྱང་འོས་འཚམ་ཡིན་མིན་དཔྱད་གཞིར་བྱས་སོ།  །ཡང་ཕྱི་ལོ་༡༩༩༧ལོར་པེ་ཅིན།  བོད་ལྗོངས།  མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་ལྗོངས་དྲུག་གི་བོད་ཡིག་དཔེ་སྐྲུན་ཁང་གི་སྐུ་ཚབ་ལྷན་རྒྱས་ཀྱིས་དཔྱད་ཞིབ་དུ་མ་བྱས་མཐར་མི་རིགས་གཞན་གྱི་རིག་གནས་ལས་ཚུར་བསྡུས་བྱས་པ་སྟེ་བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བར་དགོས་ངེས་རང་བཞིན་ཅན་གྱི་གཏན་ཕབ་ཁ་ཤས་བཟོས་ཡོད་པ་ནི།  འདི་ལ་《》དཔེ་རྟགས་དང་།  འདི་ལ་“”འདྲེན་རྟགས།  འདི་ལ་བསྡུས་རྟགས།  འདི་ལ་①②③མཆན་རྟགས།  འདི་ལ་XXXསྐུང་རྟགས།  འདི་ལ་▋▋▋ཆད་རྟགས་ཞེས་བརྡ་ཆད་བཀོལ་སྤྱོད་བྱེད་མུས་ཡིན་པས་འདི་དག་གི་ནང་དོན་དང་བཀོལ་སྤྱོད་བྱེད་ལུགས་ལ་བསམ་བློ་གཏོང་དགོས་ཚོད་དུ་སླེབས་ཡོད།  དེ་ལ་འདིར་མུན་འཇོམས་ནོར་བུའི་ཕྲེང་བ་ལས། བསམ་པ་དང་ཀུན་སྤྱོད། སྐད་རིགས་དང་བློ་རིག་གི་ཁྱད་ཆོས་མཚོན་པའི་རིག་གནས་སོགས་མི་རིགས་རང་མཚན་པར་གྲུབ་པའི་ཁྱད་ཆོས་གཙོ་བོ་བསྙོན་དུ་མེད་པ་ཡིན་ནོ། །གལ་ཏེ་ཁྱད་ཆོས་དེ་རིགས་ཉམས་སོང་ན་མི་རིགས་ཀྱང་ཉམས་པའི་རྟགས་ཡིན་ལ། ཁྱད་ཆོས་དེ་རིགས་མིང་ཙམ་དུ་གྱུར་ན་མི་རིགས་དེ་ཡང་མིང་ཙམ་དུ་གྱུར་པ་ཡིན་པར་རིགས་པ་དང་འཇིག་རྟེན་ཉམས་མྱོང་སྟེང་ནས་འགྲུབ་བོ། །ཞེས་གསུངས་པ་ལྟར་རང་གི་རིག་གནས་མ་ཉམས་གོང་སྤེལ་གྱི་སྒོས་གཞན་གྱི་རིག་གནས་ནང་འདྲེན་བྱེད་རྒྱུ་ཁ་ཚ་སྒོས་གཏུགས་དང་རྣག་ཐོག་གཙེག་འཁེལ་དུ་སོང་ཡོད། དེས་ན་བོད་ཀྱི་སྐད་ཡིག་གི་ཆ་རེ་རེ་ནས་བརྡ་དག་དང་བསྟུན་པ་གལ་ཆེ་བར་སེམས་ཤིང༌། ལྷག་པར་དེང་གི་ཆར་དཔར་སྐྲུན་བྱས་པའི་བརྙན་ཕྲིན་དང་རྩོམ་དེབ་སོགས་འགའ་ཞིག་ལ་ནི་འཕུལ་རྟེན་མིང་གསུམ་གང་ཡིན་ཙམ་ལའང་ཅི་ཆ་མེད་མོད། འོན་ཀྱང་དཔེ་ཚོགས་རྩོམ་སྒྲིག་བྱས་པ་ཁག་ཅིག་ཏུ་སྤྱི་རིགས་སུ་ཡིག་གཟུགས་དང་དག་ཆ་གང་ཐད་ནས་ཅུང་ཟད་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་ལགས་ཀྱང་ཤད་ཀྱི་འཐོབ་ཚུལ་གྱི་ཕྱོགས་ནས་ཐུགས་མཉམ་མ་བཞག་པའམ། ཞུས་དག་མ་གྲུབ་པ། ཡང་ན། དག་སྒྲིག་པས་ཡོན་ཚད་ཀྱིས་མ་ལྡང་བ་གང་ཡིན་ཀྱང༌། རིན་ཆེན་སྤུངས་ཤད་ཀྱི་འཇུག་པ་ནི། དེང་གི་གསུང་རྩོམ་དང་སྙན་དེབ་སོགས་ཕལ་མོ་ཆེར་ཅུང་ཟད་ཀྱང་བྲིས་མེད་པ་དང༌། སྦྲུལ་གཟུགས་འཁྱིལ་བ་ལྟ་བུའི་སྦྲུལ་ཤད་ཅེས་པ་འདིའི་འཇུག་པ་ནོར་བ་སོགས་གཞན་ཡང་ཤད་ཀྱི་འཐོབ་ཚུལ་ལས་འགོངས་པ་མང་པོ་ཞིག་མཐོང་ཞིང༌། འདི་དག་གི་འཇུག་ཚུལ་བསྟན་པའི་གངས་ཅན་སྒྲ་གཞུང་རྣམས་སུའང༌། དམིགས་བསལ་གྱི་ཞིབ་ཆ་ཡོད་མེད་ཚུན་ཆད་ནས་རྒྱས་པར་བཤད་པ་ཞིག་མ་མཐོང་བས། ཁྲིད་རྒྱུན་མན་ངག་གི་རིམ་པ་འདི་དག་ཡིག་ཐོག་ཏུ་བཀོད་ན་བོད་ཀྱི་རིག་གནས་ལ་མཐོང་རྒྱ་ཆུང་བ་སྟེ། རང་མཉམ་དག་ལ་ཕན་པ་ཅུང་ཟད་རེ་འབྱུང་བར་རེ་ཞིང༌། བོད་རིག་པ་ལ་གཟི་བརྗིད་ཕྲན་ཙམ་སྐྲུན་པར་སྨོན་པའི་བློས། རྡོ་གྲུབ་ཆེན་ཀུན་ཕན་ཤེས་རིག་སློབ་གླིང་དུ་རང་ཅག་རིག་གནས་འཛིན་གྲྭའི་སློབ་གྲོགས་རྣམས་དང་མཉམ་དུ། བོད་ཀྱི་ལོ་རྒྱུས་རིག་པ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སྐོར་ཞིག་གི་བགྲོ་གླེང་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ཏེ། བརྡ་དག་ཞིབ་འཇུག་གི་མྱོང་ཚོར་ལས་འཁྲུངས་པའི་མེ་ཏོག་ཆུང་ཆུང་འདི་བློ་གསར་བྱིས་པའི་རྩེད་ཆས་སུ་ཕུལ་བ་ལགས་སོ། །ཞེས་བོད་རབ་གནས་མེ་ཁྱི་ལོའི་ཟླ༣ ཚེས་༦ ལ།



No comments: