ངའི་སེམས་ཁོང་ནས་རྟག་ཏུ་འགྱིང་པའི་ཕ་ལོ་དམ་པ།
ཕ་ལགས་རྗེས་དྲན་དུ།
དུས་གསུམ་མཁྱེན་པའི་ཐུབ་དབང་ཤཱཀྱ་གཙོ།།
སྔོན་བྱོན་མཁས་དབང་རྒྱན་དྲུག་མཆོག་ཉིད་དང་།།
སྙིང་རྗེ་རང་གཟུགས་༸ལྷ་མོ་དོན་གྲུབ་སོགས།།
སྒོ་གསུམ་གུས་པའི་ཚུལ་གྱིས་གསོལ་བ་འདེབས།།
འཛམ་གླིང་མཛེས་མ་གཅིག་ཏུ་བསྡུས་འདྲ་བའི།།
འཇོ་སྒེག་ཡིད་འོང་དབྱངས་ཅན་ངག་གི་ལྷ།།
བདག་གི་སྙན་ངག་མགྲིན་པའི་གླུ་དབྱངས་ལ།།
ཁྱེད་ཀྱིས་པི་ཝང་རམ་འདེམས་མཛད་དུ་གསོལ།།
དེ་རིང་བདག་གི་སྙན་དངགས་ལྕེ་རྩེ་ལས།།
ཡབ་ཆེན་ཞིང་གཞན་གཤེགས་པའི་མྱ་ངན་གཅིག།
སྡུག་གིས་རྒྱ་མཚོ་འཁོལ་བའི་སྨྲེ་ངག་གཅིག།
སྡེབ་སྦྱོར་དབེན་པའི་ཚིག་ཕྲེང་ལམ་ནས་སྤེལ།།
བཀའ་དྲིན་གསུམ་ལྡན་ཕ་ལོ་དམ་པ་ཡི།།
སྐྱེ་ནས་ངུ་སྐད་མ་སྒྲོགས་དུས་སྐབས་སུ།།
འོ་མ་ནང་དུ་གཟུགས་འཁྲུས་བྱེད་པའི་རྐྱེན།།
ངུ་སྐད་ཨོ་ལོ་དང་པོ་བརྒྱབ་བྱུང་ཟེར།།
ལོ་གསུམ་གོག་ནས་འགྲོ་བའི་དུས་སྐབས་ནས།།
གཅེས་པའི་བྱམས་ཀྱི་རུལ་ངུ་ནང་འཁུར་ནས།།
གཅིན་དང་བཙོག་པའི་རུལ་ངུ་བརླན་བྱེད་ཀྱང་།།
ང་ཡི་གཅེས་ཕྲུག་ཟེར་ཞིང་བྱམས་སྐྱོང་དྲན།།
གདོང་ལ་འཛུམ་གྱིས་བསུ་བ་བྱེད་ཤེས་ནས།།
ཁྱེད་ཀྱིས་པང་ན་ལེན་ཏེ་བདག་གི་ཁར།།
སྣ་ལུད་ཁ་ལུད་མི་གཙང་ཅི་ཁེངས་ཀྱང་།།
ཁྱེད་ཀྱི་ཁ་ཡིས་གཙང་ཕྱིས་བྱེད་པ་དྲན།།
རྐང་པའི་གོམ་པ་དང་པོ་བརྒྱབ་ཤེས་སྐབས།།
དགའ་འཛུམ་སྟོང་གི་སྣེ་མོ་དྲངས་པ་དང་།།
ཨ་ཕ་གཅེས་ལོ་ཟེར་ཞིང་ཡར་མར་ཁྲིད།།
གདོང་ལ་འཛུམ་མདངས་གང་པ་ཡིད་ལ་དྲན།།
དཔེ་ཁུག་རྒྱབ་ཏུ་འཁུར་ནས་སློབ་གྲར་བཏང་།།
བྱིས་པ་ལོ་བརྒྱད་སློབ་ཆུང་འགྲོ་བའི་སྐབས།།
ཕ་བཟང་བུ་ཁྱེད་སློབ་ལ་བརྩོད་དགོས་ཅེས།།
དུང་བའི་རེ་བསྐུལ་གནང་བ་ཡིད་ནས་དྲན།།
ན་གཞོན་ལོ་མཉམ་ཁྲོད་ནས་སློབ་ཆུང་འགྲིམས།།
ཀ་ཁ་ག་ངའི་དབྱངས་རྟ་ངག་ནས་གྱེར།།
སྐྱབས་འགྲོ་སེམས་བསྐྱེད་འདོན་ཆོག་བློ་ལ་འཛིན།།
ཁ་ཏ་བསླབ་བྱ་ལམ་སྟོན་གནང་པ་དྲན།།
གྲོང་མི་ཡོད་ཚད་མིང་གཞུང་འབྲི་རུ་བཅུག།
ཆེད་རྩོམ་འགའ་རེ་དཔེ་བཤུས་བྱེད་དུ་བཅུག།
བྲིས་དཔེ་ཡིག་གཟུགས་སྦྱོང་བཅུག་ཤེས་འཕྲལ་དུ།།
ཕ་ལོ་ཁྱེད་ཀྱི་བཀའ་དྲིན་གཞི་ནས་ཤེས།།
སློབ་ཆུང་གྲོལ་ནས་ཟོག་བཟི་འགྲོ་སྙིང་འདོད།།
སློབ་ཆུང་ཚར་ནས་རྕེད་མོ་རྩེ་རུ་འདོད།།
ནང་སྦྱོང་དང་པོ་ཅི་ཡང་ཚར་དགོས་ཅེས།།
ལམ་སྟོན་མཛུབ་ཁྲིད་གནང་བ་སྙིང་ནས་དྲན།།
གུང་སེང་སྐབས་སུ་ཞལ་འདོན་བློ་བཟུང་བཅུག།
བླ་མ་དམ་པའི་ལོ་རྒྱུས་བཤད་པ་དང་།།
གྲྭ་ས་འགྲོ་སྟངས་སྐོར་སོགས་གསུང་ཡང་མྱོང་།།
ཁྱེད་ཀྱིས་ཞིམ་ཞིམ་གཙོ་གཙོ་སྤྲོད་པ་དྲན།།
ཉིན་མཚོན་སྦྲེལ་ནས་ནང་གི་ལས་ཀ་བྱས།།
ཉི་ཟེར་ཤར་དུས་རི་བོ་མགོ་རུ་བུད།།
གནག་ཕྱུག་རྗེས་སུ་རྫི་བོ་འགྲོ་བ་དང་།།
ལ་གཞས་དབྱངས་སུ་བཀུག་པ་སྙིང་ནས་དྲན།།
ཆེ་ཆུང་ཀུན་གྱི་དགའ་འབོད་བྱེད་ས་དང་།།
འཛུམ་མདངས་གད་སྒྲ་ཁེངས་བའི་རི་འདབས་དེར།།
དགའ་བདེ་རྩེད་བག་བྱེད་སའི་ར་བ་རུ།།
ཁྱེད་ཀྱིས་བཀོད་སྒྲིག་བྱམས་འོག་འཚོ་བ་དྲན།།
ཆུང་ཆུང་འདུག་ཅེས་སྣང་མེད་མེད་པ་དང་།།
ཆེན་པོ་རེད་ཅེས་བསྟོད་ར་མེད་པ་དང་།།
བྱམས་སྐྱོང་ཆེ་ཆུང་གཅིག་ཏུ་གཟིགས་པ་དེས།།
མྱི་རྣམས་དགའ་འབོད་བྱེད་ས་ཁྱེད་ཉིད་དྲན།།
ལ་དང་ལུང་པ་བརྒལ་བ་མི་སྐྲག་ཅིང་།།
རི་དང་ཐུར་ལ་བབས་བ་དཀའ་ཚེགས་མེད།།
གཉེན་དང་འདྲིས་རོགས་དབྱེ་བ་མི་འབྱེད་པས།།
ཀུན་གྱིས་མགོ་བོ་དུད་ས་ཁྱེད་རང་དྲན།།
དཀའ་ལས་གང་ཡོད་གདོང་ལེན་བྱེད་ཕོད་པའི།།
བློ་རིག་སྙིང་སྟོབས་ཤེད་འདོན་དཔའ་དང་འདྲ།།
དཀའ་ལས་ལྕི་མོ་འདམ་ཁྲོད་ལས་བརྒལ་བའི།།
བདག་གི་ཡབ་ཆེན་དམ་པ་སྙིང་ནས་དྲན།།
ལས་དབང་བཙན་པོ་རླུང་ཤུགས་དྲག་པོ་ཡིས།།
བྱིས་དུས་སྐབས་ནས་མི་ཡུལ་ས་མཐའ་གྱར།།
གྱེས་ཁ་མིག་ཆུ་ཤོར་ཞིང་གཅེས་སྤྲས་ཀྱིས།།
ཁ་ཏ་བསླབ་བྱ་གནང་བ་ཡིད་ནས་དྲན།།
གདོས་ཅན་ལུས་པོ་ཁྱེད་དང་ཁ་བྲལ་ཡང་།།
སེམས་ཀྱི་བརྩེ་བ་ནམ་ཡང་བྲལ་མ་མྱོང་།།
ཨ་ཕ་ཁྱེད་ཀྱི་བཀའ་དྲིན་དྲན་དྲགས་ནས།།
ཉིན་མཚན་འཁྱོལ་བའི་དུས་ཞིག་ཡོད་མི་གདའ།།
མི་ཡུལ་ས་མཐའ་དུས་ཁྱེད་ཉིད་དྲན།།
མི་ཡུལ་མཐའ་འཁོལ་སླེབས་དུས་ཁྱེད་ཉིད་དྲན།།
མི་ཡུལ་དཀའ་སྡུག་ཕོག་དུས་ཁྱེད་ཉིད་དྲན།།
མི་ཡུལ་ཞིང་ནས་དྲན་ཤེས་ཁྱེད་ལ་འཁོར།།
ཁྱེད་རང་འཇིག་རྟེན་གཞན་ལ་གཤེགས་ཟིན་ཡང་།།
ང་སེམས་རྟག་ཏུ་ཁྱེད་དྲུང་འཁོར་ནས་ཡོད།།
བྱམས་སེམས་ཅན་གྱི་ཕ་ལོ་དམ་པ་ཁྱེད།།
ནམ་ཡང་མི་ནུས་སེམས་ཁོང་དཔའ་བོ་ཡིན།།
གྱེས་སྐབས་མིག་ཆུ་བཏང་བ་ཡང་ཡང་དྲན།།
མི་ལོ་ཉེར་ལྔ་གྱེས་པའི་དུས་རིམ་ནང་།།
ཁྱེད་ཀྱིས་ཁ་ཏ་བསླབ་བྱ་གནང་བ་དང་།།
བྱམས་བརྩེ་འཛུམ་གྱིས་བསུ་བ་དྲན་དྲགས་ནས།།
མིག་ཀོང་ཟུང་ནས་མིག་ཆུ་དབང་མེད་ཤོར།།
དེ་རིང་བདག་གི་རྣ་བ་མི་སྙན་པའི།།
ཆ་འཕྲིན་ཡ་ང་རྣ་བར་གོ་བའི་དུས།།
སེམས་པ་སྡུག་གིས་རྒྱ་མཚོ་འཁོལ་བ་དང་།།
མི་བཟོད་མྱ་ངན་གཅིག་གིས་གནས་སུ་ལྷུང་།།
ཚེ་འདིར་མཇའ་བ་སྐལ་བ་མི་ལྡན་ཡང་།།
ཕྱི་མ་དག་པའི་ཞིང་ལ་ཅི་ནས་ཀྱང་།།
ཡབ་ཆེན་དམ་པ་འཛུམ་ཞལ་སླར་ཡང་དེར།།
མཇའ་བའི་མཆོག་གསུམ་མདུན་དུ་སྨོན་ལམ་འདེབས།།
ཕྱི་ལོ་༢༠༡༤། ༧ ། ༡༥ ཉིན་སུག་བྲིས་བྱས།
No comments:
Post a Comment