Tuesday, September 02, 2014

ཉོན་མོངས་དུག་གསུམ།

                             ཉོན་མོངས་དུག་གསུམ།
འདོད་ཆགས།

འདོད་ཆགས་ཅེས་པ་ཁམས་གསུམ་པའི་ཟག་བཅས་ཀྱི་ཕུང་པོ་ལ་ཆགས་པ་སྟེ་སྲིད་པའི་སྡུག་བསྔལ་སྐྱེད་པར་བྱེད་པའོ། འདོད་ཆགས་དབང་གིས་འཁོར་བ་སྐྱེས་བྱེད་ཀྱི་རྒྱུ་བསགས། དེ་ནས་འཁོར་བ་ལ་སྐྱེ་ནས་འཁོར་བའི་སྡུག་བསྔལ་ཡ་ང་བའི་གནས་ལས་མི་གྲོལ་བར་སྡུག་བསྔལ་མྱོང་ནས་ཡོད། འདོད་ཆགས་ཀྱི་མཚོན་དོན་བྱ་ཕོ་རོག་སྟེ་འུ་གུག་བཞག་གི་ཡོད། རྒྱུ་མཚན་ནི་ཕོ་རོག་གིས་ཉིན་གཅིག་རིང་ཕོ་མོ་འཁྲིག་སྦྱོར་ཐེངས་མང་པོ་བྱེད་ཀྱིན་ཡོད་པའི་རྒྱུ་མཚན་གྱིས་སོ། མིང་གི་རྣམ་གྲང་ལ་བརྐམ་ཆགས་དང༌། མངོན་འདོད། མངོན་ཞེན། ཆགས་པ། རྙེད་འདོད། ཐོབ་འདོད། འདོད་པ། འདོད་སྤྲོ། ཞེན་པ། ཡིད་ཀྱི་ཤིང་རྟ། རེ་བ། སྲེད་པ་བཅས་སོ།  །



ཞེ་སྡང་།

ཞེ་སྡང་ཞེས་པ་ནི་སེམས་ཞེ་ནས་རང་གི་མི་དགའ་སར་སྡང་བའི་བློ་བསྐྱེད་པའམ་གནར་བའི་སེམས་གཅིག་ལ་ཟེར། ཞེ་སྡང་གིས་བསམ་པའི་ཀུན་ནས་བསླང་ནས་མི་གསོད་ཁྲག་སྦྱོར་བྱེད་ཀྱིན་ཡོད། དེའི་དབང་གིས་མི་ཚེ་ཧྲིལ་བོ་སྡུག་བསྔལ་མྱོང་ནས་ལུས་པ་མང་པོ་ཡོད། གོ་བ་རགས་པའི་དབང་དུ་བྱེད་ཡོད། དེའི་མཚོན་དོན་ལ་སྦྲུལ་འཇོག་གིན་ཡོད། སྦྲུལ་ནི་ཞེ་སྡང་སྟེ་གཞན་ལ་གནོན་འཚེ་ཆེན་པོ་དང་ཁོང་ཁྲོ་ཚ་བའི་གནས་ལུགས་ཀྱིས་ཡིན་པས་སོ། དེའི་མིང་གི་རྣམ་གྲངས་ལ་ཁོང་ཁྲོ་དང་། འཁོན། འཁོན་འཛིན། འཁྲུག་པ། འགྲས་གཞི། གཏུམ་པོ། གདུག་སེམས། སྡང་བ། སྡང་སེམས། མནར་སེམས། རྣམ་པར་སྡང་། སྣ་ཐུང་བ། བརྣག་པ། མ་རུངས་པ། མི་བཟོད་སེམས། མིག་རུས་མནན། ཚིག་ཟ། ཞེ་བརྣག་བརླང་པོའི་སེམས་བཅས་སོ།

གཏི་མུག

གཏི་མུག་ཅེས་པ་ནི་རང་གི་བློ་མི་གསལ་བ་སེམས་གཅིག་ལ་ཟེར། གཏི་མུག་རང་རྒྱུད་ལ་ཤུགས་ཆེན་པོ་ཡོད་ན། དེའི་དབང་གིས་རང་གི་མི་ཚེའི་བྱ་བ་ཆེ་ཕྲ་ཆུང་གསུམ་གང་འདྲ་གཅིག་ཡིན་ནའང་དོན་འགྲུབ་པ་མི་འོང་། གཏི་མུག་ནི་གཉིད་ཡིན་ལ་གཉིད་ཁུག་ནས་སྡད་ན་བྱ་བ་གང་ཡང་ལས་ལ་འཇུག་མི་ཐུབ་གཤིས་སངས་རྒྱས་ཀྱིས་ཀྱང་། ཕྱི་དྲོ་ཁ་ཟས་ཟ་ན་དེའི་དབང་གི་རྒྱགས་པ་ཆགས། གཟུགས་རྒྱགས་པས་གཉིད་མང་། གཉིད་ཉལ་ནས་བཞུགས་ན་དགེ་བའི་བྱ་བ་བརྩོན་པ་དཀའ་འོ་གསུང་པ་བཞིན་ནོ། དེའི་དཔེ་མཚོན་ཕག་པ་འཇོག་དོན་ནི། ཕག་པ་ནི་ཅི་ཡང་མི་ཤེས་པའི་གཏི་མུག་སྟེ་གཉིད་མང་པས་རྒྱུ་མཚན་གྱིས་སོ། དེའི་མིང་གི་རྣམ་གྲངས་ལ། གཉིད། མནལ་དང་། མིག་འཛུམ་པ། རྨོངས་པའི་གྲོགས་པོ། གཟིམ་བཅས་སོ།

འགྲོ་བ་རིགས་དྲུག

ལྷ།

ལྷ་ནི་འགྲོ་བ་རིགས་དྲུག་གི་ནང་གསེས་གཅིག་ཡིན་ལ། ལས་དགེ་བ་བསགས་པ་ལ་བརྟེན་ནས་ལྷ་སྐྱེ་ལ། ལྷ་ནི་མི་ལས་རིག་པ་གསལ་བ་དང་མཐུ་ཆེན་བའི་འོད་ལྡན་པ་གཅིག་ལ་འཇོག་ལོངས་སྤྱོད་རང་གྲུབ་ཡིན་པར་བཤད། ལྷ་ལ་རྩ་བའི་རིགས་གསུམ་དུ་ཕྱེ་བ་ཡིན། འདོད་ལྷ། གཟུགས་ཁམས་ཀྱི་ལྷ། གཟུགས་མེད་ཁམས་ཀྱི་ལྷ་བཅས་ཡིན། ལྷ་ལ་སྡུག་བསྔལ་མེད་པ་མི་ཡིན་ཏེ། འཆི་འཕོ་བའི་སྡུག་བསྔལ་ཡོད། འཆི་འཕོ་དུས་སླེབས་པ་ན་རང་གི་འོད་ཟེར་མེད་པ་འགྱུར་པ་ལུས་ལ་དྲི་བ་ཁ་བ། གྲོགས་དང་གྲོགས་མོ་སོགས་ཀྱིས་བརྩེ་བའི་འདུ་ཤེས་མེད་པ་ཉེ་གམ་དུ་མི་བཅར་བ། རང་ཉིད་རི་དྭགས་སེར་རི་བཞིན་གཅིག་པུ་ལུས། ཁྱད་པ་སྡུག་བསྔལ་མི་བཟོད་པ་ནི་རང་ཉིད་སྐྱེ་བ་རྗེས་མ་གང་དུ་སྐྱེས་བ་སོགས་རྟོགས་པའི་སྡུག་བསྔལ་འཁུར་མི་བཟོད་པ་ཡོད། དེའི་མིང་གི་རྣམ་གྲངས་ལ་སུམ་ཅུ་རྩ་གསུམ་གྱི་ལྷ། དགའ་ལྡན་གྱི་ལྷ། ལེགས་བྲིས། མཁའ་གཤེགས་མ། འཆི་མེད། མཁའ་འགྲོ་སོགས་མང་པོ་ཡོད།

མི།

མི་ཞེས་པ་ནི་སྨྲ་ཤེས་ཞིང་དོན་གོ་བའི་སྐྱེས་བུ་གཅིག་ལ་ཟེར། མི་ལ་འགྲོ་བ་གཞན་དྲུག་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་གཅིག་ཡོད་གཤིས། མིའི་ལུས་རྟེན་དེ་ཤིན་ཏུ་རྙེད་དཀའ་བ་དང་རྙེད་ན་དོན་ཆེ་བ་གཅིག་གསུང་གིན་ཡོད། མིའི་ལུས་རྟེན་ལ་ཆོས་བྱེད་པའི་གོ་སྐབས་ཡག་ཤོས་གཅིག་རྩིས། ལྷའི་ལུས་རྟེན་ལས་མིའི་ལུས་རྟེན་བཟང་བ་རྩིས་ཀྱིན་ཡོད། མི་ནི་འགྲོ་བ་གཞན་ལས་དབང་ཆེན་ཤོས་དང་ཧམ་པ་ཚ་ཤོས་གཅིག་ཡིན་ཟེར་ན་ཆོག རང་གི་འདོད་བདེའི་ཆེད་དུ་འགྲོ་བ་གཞན་གནོན་འཚེ་བྱེད་ཀྱི་ཡོད། མིའི་ལུས་རྟེན་ལའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད། མིའི་མིང་རྣམ་གྲངས་ལ། རྐང་གཉིས་པ། སྐྱེས་བུ། 

ལྷ་མ་ཡིན།

ལྷ་མ་ཡིན་ཞེས་པ་ལྷ་ལས་རིགས་དམན་ལ།    ལྷ་མི་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་ཡོད། དམག་འཁྲུག་བྱུང་ནས་ཕན་ཚུན་འཐབ་སྐབས་ཡན་ལག་དང་ཉེར་ལག་གཅོད་པ་དང་ཆད་པ་ལྟ་བུ་བྱུང་ན་སླར་ཡར་གསོ་མི་ནུས། ལྷ་མ་ཡིན། འདོད་ལ་སུམ་ཅུ་རྩ་གསུམ། དགའ་ལྡན། འཁྲུལ་དགའ། གཞི་གྲུབ་དབང་བྱེད་དང་བཅས་སོ། འཐབ་བྲལ་མས་ཆད་ཚང་མ་ལ་ལྷ་དང་ལྷ་མི་ཡིན་གྱི་བར་དམག་འཁྲུག་གིས་འཐབ་རྩོད་ཡོད་ཅེས་གཞུང་ལུགས་ཆེན་མོར་གསུངས་། མིང་གི་རྣམ་གྲངས་ལ་ཁུ་བའི་སློབ་མ་དང༌། སྔོན་གྱི་ལྷ། བཅུད་མི་ལྡན། མཆོད་སྦྱིན་དགྲ་བོ། ད་ནུའི་བུ། པ་སངས་སློབ་མ། དབང་པོའི་དགྲ། སྦྱིན་སྐྱེས། སྦྱིན་བྱུང༌། སྦྱིན་མའི་བུ། གཞུ་རྒྱལ། གཞུ་ལས་སྐྱེས། ས་འོག་གནས། གསེར་ཅན་བུ། ལྷ་ལ་སྡང༌། ལྷ་ལས་རྒན། ལྷར་སྨོད་བཅས་སོ།

དམྱལ་བ།

དམྱལ་བ་ཞེས་པ་ནི་ངན་སོང་གསུམ་གྱི་ནང་ནས་གཅིག་ཡིན། དམྱལ་བ་མ་མཐོང་ན། སངས་རྒྱས་ལ་ཡིད་མི་ཆོས་ཅེས་པའི་དཔེ་ལྟར་དམྱལ་བ་ལ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཡོད། ལས་ངན་པ་བསགས་ན་དམྱལ་བ་རུ་སྐྱེས་ལ་དམྱལ་བའི་ལྕགས་བསྲེག་ས་གཞིའི་སྡུག་བསྔལ་མྱོང་དགོས། རང་གིས་སྡིག་པ་བསགས་ན། དེ་བཤགས་པ་མེད་པ་དམྱལ་བའི་སྡུག་བསྔལ་མྱོང་དགོས་པ་དང་ཡང་སྡིག་པ་བཤགས་ནས་དམྱལ་བའི་སྡུག་བསྔལ་མྱོང་མི་དགོས་ཟེར་བའི་ལུགས་གཉིས་ཡོད། བཤགས་ཚུལ་ཡང་། གཉེན་པོ་སྟོབས་བཞིས་བཤགས་ཚུལ་ལ་འཇོག་དགོས། དེའི་མིང་གི་རྣམ་གྲངས་ལ།

ཡི་དྭགས།

ཡི་དྭགས་ནི་ངན་འགྲོ་གསུམ་གྱི་ནང་ཚན་ཞིག་སྟེ། ཟས་སྐོམ་ཡིད་ལ་བཏགས་པས་ན་ཡི་དྭགས་ཅེས་བྱའོ། གཞན་ཡང་། རང་གིས་ཚེ་འདི་སེར་སྣ་བྱེད་ནས་ཚེ་འདིའི་རྒྱུ་ནོར་ལོངས་སྤྱོད་ཚུལ་བཞིན་དུ་མ་སྤྱོད་ན་སྐྱེ་བ་རྗེས་མ་ཡི་དྭགས་སུ་སྐྱེས་བ་ཡིན། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཡོད་ལ་རང་གི་ལས་ངན་པའི་དབང་གི་སྨིན་རྒྱུ་ལ་ཆུ་སྣང་བ་དང་། ཆུ་ཡང་རྣག་ཁྲག་ཏུ་མཐོང་བ། ཆུ་མཐོང་ཡང་ལོངས་སུ་སྤྱོད་མི་ཐུབ་པ་དང་། སོས་ཀའི་དུས་སུ་ཟླ་བ་ཚ་ལ་དགུན་ནི་ཉི་མ་གྲང་། འཇིག་རྟེན་གྱི་ཆུ་ཀླུང་ལ་སོགས་སྐེམས་པ་འགྱུར་པ་དང་ལྗོན་ཤིང་འབྲས་བུ་མེད་པ་འགྱུར་བ་སོགས་ལོངས་སྤྱོད་ཀྱི་ཕོངས་པའོ། ཡི་དྭགས་ལ་དབྱེ་བ། ཡི་དྭགས་ཀྱི་འཇིག་རྟེན། ཡི་དྭགས་ཀྱི་ནང་སྒྲིབ་ཅན། ཡི་དགས་ཀྱི་ཕྱི་སྒྲིབ་ཅན། དེའི་མིང་གི་རྣམ་གྲངས་ལ་ངན་ཁྱབ་དང་། ཆུ་བོ་རབ་མེད། དཔལ་མིན། ཕུན་ཚོགས་མིན་བཅས་སོ།

དུད་འགྲོ

དུད་འགྲོ་ནི་ངན་སོང་གསུམ་གྱི་ནང་གསེས་ཡིན་ལ། མགོ་བོ་དུད་དེ་འགྲོ་ལ་གླེན་ཞིང་ལྐུག་པའི་གང་ཟག་གཅིག་ལ་ཟེར། དུད་འགྲོ་རྣམས་མཐུ་ཆེ་བས་ཆུང་བ་གསོད་པ་དང་གཅིག་གིས་གཅིག་ཟས་པའི་སྡུག་བསྔལ། མི་ལ་སོགས་པའི་བཀོལ་སྤྱོད་དང་བརྡེག་པ་བཅིང་གསོད་པ་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་དང་། ལྷ་དང་མི་དང་ལྷན་ཅིག་གནས་ལ་ལྷ་དང་མིའི་ཡོ་བྱད་འགྱུར་ཏེ་རང་ལ་རང་དབང་མེད་པར་གཞན་གྱི་དབང་དུ་གྱུར་པས་རྨོ་བ་དང་སྤུ་འདྲེག་པ་ལུས་ཀྱི་ཤ་ལ་རྔམ་ནས་གསོད་པ་སོགས་ཀྱི་སྡུག་བསྔལ་འཇིགས་ཡེ་བ་ཡོད་དོ།


.

No comments: