Friday, July 24, 2015

སློབ་དཔོན་ཕྱོགས་གླང་།

སློབ་དཔོན་ཕྱོགས་གླང་།  ༼  དིགྣགཿ  ༽

སློབ་དཔོན་ཕྱོགས་གླང་ལ་ན་མོ། 
མཁས་མཆོག་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་བའི་ནང་དུ་ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཉྩའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་དང་། གྲུབ་མཐའི་གནད་ཐམས་ཅད་ལ་མཆོག་ཏུ་མཁས་ཞིང་། མང་བཀུར་སྡེ་ལྔའི་ནང་ཚན་གནས་མ་བུའི་སྡེ་པའི་གྲུབ་མཐའ་འཛིན་པ་མཁན་པོ་གླང་པོ་བྱིན་པ་ལས་རབ་ཏུ་བྱུང་བས་མཁན་པོའི་མཚན་ཟུར་ལས་ཕྱོགས་ཀྱི་གླང་པོ་ཞེས་གྲགས། མཁན་པོ་དེ་ཉིད་ལས་གནས་མ་བུ་པའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས།
སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་བུ་མ་པ་གང་བྱོའི་ཚུལ་དུ་གསན། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་ཞལ་འདོན་དུ་མཛད་པར་གྲགས།
སྔགས་ཀྱི་སློབ་དཔོན་ཞིག་གི་དྲུང་ནས་འཇམ་དབྱངས་ཀྱི་ཆོས་སྐོར་གསན་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་འཇམ་པའི་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་པ་དང་། དེ་ནས་བཟུང་སྐུ་དང་གསུང་གི་སྣང་པ་ནམ་འདོད་དུ་སྩོལ་བ་ཞིག་བྱུང་།

ཨོ་ཌི་བི་ཤའི་ནགས་ཚལ་ཤིན་ཏུ་དབེན་པའི་བྲག་ཕུག ༼ བྷོཏ་སེལ ༽ཏུ་བཞུགས་ནས་བསམ་གཏན་ལ་བརྩོན་པར་མཛད་མུར་ལོ་འགའ་འདས་པ་ན། ཤྲཱི་ནཱ་ལེནྡྲར་བྱོན་ཏེ་རྟོག་གེའི་རིགས་པ་ཤིན་ཏུ་བྱུང་ཞིང་ཐུབ་པར་དཀའ་བ་བྲམ་ཟེ་སུ་དུར་ཛ་ཡ་ཞེས་པ་དེས་གཙོས་མུ་སྟེགས་ཀྱི་རྒོལ་བ་ངན་པ་ཐམས་ཅད་དྲི་མ་མེད་པའི་རིགས་པས་ཚར་བཅད་དེ་སངས་རྒྱས་་ཀྱི་བསྟན་པ་ལ་བཀོད། དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་གསུངས་ཤིང་། དམིགས་བརྟག་སོགས་ཚད་མའི་བསྟན་བཅོས་བརྒྱ་རྩ་གཅིག་མཛད།
སླར་ཡང་ཨོ་ཌི་བི་ཤའི་ཚལ་དུ་ཕེབས་ནས་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་སྐབས་ཤིག་ཏུ་སྔར་རང་ཉིད་ཀྱིས་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་བས། འཐོར་བ་བསྡེབས་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་བརྩམས་པར་དགོངས་ཏེ་མཆོད་བརྗོད་དང་རྩོམ་པར་དམ་བཅའི་ཚིགས་བཅད་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། ། བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བུ།། ཞེས་ཐོད་ལེ་ཀོར་ལ་བྲིས་པ་ཙམ་གྱིས་ས་གཡོས་ཤིང་། སྒྲ་གྲགས་པ་དང་། འོད་ཀྱི་སྣང་བས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པས་མུ་སྟེགས་ཐུབ་རྒྱལ་ནག་པོས་དེ་དག་གི་ལྟས་ཡིན་སྙམ་དུ་ཟག་བཅས་མངོན་ཤེས་ཀྱིས་བརྟགས་པས་ཤེས་ཏེ། ཕྲག་དོག་གིས་སློབ་དཔོན་བསོད་སྙོམས་ལ་ཕེབས་ཤུལ་དུ་འོངས་ནས་ལན་གཉིས་བསུབས་པ་དང་། སློབ་དཔོན་གྱིས་ཐེངས་གསུམ་པ་བྲིས་ཏེ། འདི་ཀུ་རེ་དང་། ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབ་ཅིག ། ཕྲག་དོག་གིས་ཡིན་ན་ནི་བློ་ལ་ཡོད་པས་བསུབ་པའི་ངལ་བ་འབྲས་མེད་ཡིན། གལ་ཏེ་ཚིག་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་དང་། བརྩད་པར་བྱའོ་ཞེས་བྲིས་ཏེ་བསོད་སྙོམས་ལ་གཤེགས་ཤུལ་དུ་བསུབ་ཏུ་འོངས་པས་ཡི་གེ་དེ་མཐོང་ནས་བསྡད་དོ།




No comments: