Friday, July 24, 2015

མཁས་མཆོག་དབྱིན་གཉེན།

སློབ་དཔོན་དབྱིན་གཉེན།  ༼ བསུབནདྷུཿ  ༽
སློབ་དཔོན་དབྱིག་གཉེན་ལ་ན་མོ། 

སློབ་དཔོན་དབྱིག་གཉེན་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་བྲམ་ཟེའི་རིགས་སུ་འཁྲུངས། ནར་སོན་པ་ན་ཡུམ་་གྱིས་བསྐུལ་ཏེ་ནཱལེནྡྲར་ཕེབས་ནས་རབ་ཏུ་བྱུང་། སྡེ་སྣོད་གསུམ་སོགས་བསྟན་བཅོས་དུ་མ་ལ་མཁས་པར་སྦྱངས། དེ་ནས་ཁ་ཆེའི་མཁས་པ་ཆེན་པོ་དགེ་འདུན་བཟང་པོ་ལས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ལེགས་པར་གསན་ཏེ་དོན་གྱི་གནད་མཐའ་དག་ཐུགས་སུ་ཆུད་པར་མཛད་དེ་མཁས་པའི་གོ་འཕང་བརྙེས། ཁ་ཆེའི་ཡུལ་དུ་གདུལ་བྱ་བགྲང་ལས་འདས་པ་ལ་ཆོས་མང་དུ་སྟོན་པར་མཛད།
དེ་ནས་ནཱ་ལེནྡྲར་བྱོན་དེ་སྡེ་སྣོད་འཛིན་པ་མང་པོ་ལ་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན། གཅེན་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་བརྩམས་པ་གསན་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབ། ། ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། ། རྒྱལ་ཁབ་ལོངས་བའི་གྲུབ་མཐའ་བརྩམས། ། ཞེས་ཐེག་ཆེན་གྱི་ཆོས་གང་ཡང་གང་ཟག་ལ་སྐུར་བ་བཏབ་པས། 


འཕགས་པ་ཐོགས་མེད་ཀྱིས་གསན་པ་ན། གཅུང་དབྱིན་གཉེན་གྱི་ཐེག་ཆེན་གྱི་ཆོས་ལ་མ་དད་པ་བཟློག་པའི་ཕྱིར། སློབ་མ་གཉིས་ལ་མདོ་སྡེ་ས་བཅུ་པ་དང་། བློ་གྲོས་མི་ཟད་པར་བསྟན་པའི་མདོ་གཉིས་འཛིན་དུ་བཅུག་སྟེ། ཁྱོད་གཉིས་དབྱིག་གཉེན་གྱིས་སར་སོང་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིང་ཅེས་གསུངས་པ་ལྟར། དེ་གཉིས་ཀྱིིས་མདོ་བཏོན་པ་དབྱིག་གཉེན་གྱིས་གསན་པ་དང་།  སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ཡང་འབྲས་བུ་ཁ་གཡེལ་བ་འདྲ་སྙམ། ཐོ་རངས་སུ་རྒྱུ་འབྲས་གཉིས་ཀ་བཟང་བ་འདུག་པ་ལ། ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས། གཅོད་སྙམ་ནས་སྤུ་གྲི་འཚོལ་བའི་ཚེ། ཁོང་གཉིས་ཀྱིས་ལྗགས་བཅད་པར་མི་འཚལ། སྐུར་བ་བཏབ་པའི་སྒྲིབ་པ་སྦྱོང་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་ཞུས་པ་ལྟར། གཅེན་ཐོགས་མེད་ཀྱི་དྲུང་དུ་ཕྱིན་ཏེ་སྔོན་གྱི་ཉེས་པ་རྣམས་བཤགས་ཤིང་། ཐེག་པ་ཆེན་པོའི་ཆོས་རྣམས་རིམ་གྱིས་གསན་ཏོ།
སྐབས་འདིར་འཕགས་པ་ཐོགས་མེད་ཀྱིས་བྱ་བ་ཐམས་ཅད་རྗེ་བཙུན་ལ་ཞུ་བར་མཛད་དེ། གཅུང་གིས་མཁྱེན་ནས་ལྷག་པའི་ལྷ་དེ་བདག་ལ་བསྟན་པར་ཞུ་ཞེས་ཞུས་པས། ངས་རྗེ་བཙུན་ལ་ཞུའོ་གསུངས་ནས་ཞུས་པ་ན། རྗེ་བཙུན་གྱིས་ཁོང་སོ་སོ་སྐྱེ་བོ་ཡིན་ཞིང་། དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས། ཚེ་འདི་ལ་ང་མཐོང་བའི་སྐལ་བ་མེད། ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་དུ་ཐེག་ཆེན་གྱི་མདོའི་འགྲེལ་མང་དུ་རྩོམས། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་ཟློས། སྐྱེ་བ་ཕྱི་མར་མཇལ་ཞེས་གསུངས། དེ་ལྟ་བུའི་ཚུལ་གསན་པས་སློབ་དཔོན་དབྱིག་གཉེན་ལྷག་པར་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ། ། ང་ནི་ཆར་སྡོད་བྱ་དང་འདྲ།། ཀླུ་ཡིས་རྒྱལ་པོས་ཆར་ཕབ་ཀྱང་།། བྱ་ཡི་གྲེ་བར་སོང་བ་མེད།། ཅེས་གསུངས་པར་གྲགས།

སློབ་དཔོན་འདིས་རྒྱལ་བའི་བཀའ་འཛམ་གླིང་ནང་བཞུགས་པ་མཐའ་དག་ཐུགས་སུ་ཆུད་ཅིང་། ལོ་རེའི་ནང་དུ་ལྕགས་ཀྱི་གཞོང་རིང་ཏིལ་མར་གྱིས་བཀང་བའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་བཅོ་ལྔའི་རིང་ལ་འབུམ་སྡེ་དགུ་བཅུ་གོ་དགུ་ལན་རེ་ཞལ་འདོན་དུ་མཛད། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལས་ཐོས་པ་རྒྱ་ཆེ་བ་སུ་ཡང་མ་བྱུང་བས་ཀུན་མཁྱེན་གཉིས་པ་ཞེས་འཕགས་ཡུལ་གྱི་མཁས་པ་ཡོངས་ལ་གྲགས། ཐོགས་མེད་མྱ་ངན་ལསའདས་པའི་རྗེས་ནཱལེནྡྲའི་མཁན་པོ་མཛད་དེ་ཉིན་རེར་ཆོས་ཐུན་ཉི་ཤུ་རེ་ཆགས་མེད་གནང་། སྣོད་ལྡན་གྱི་སློབ་མ་དྲུག་ཁྲི་ལོངས་པ་བྱུང་། མཐར་དགོས་པ་མང་པོ་ཞིག་ལ་གཟིགས་ནས་བལ་ཡུལ་དུ་བྱོན་ཏེ། དེར་གནས་པའི་དགེ་འདུན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེ་བསྟན་ཏེ་གནས་དེ་ཉིད་དུ་སྐུ་མྱ་ངན་ལས་འདས་སོ།

No comments: