Thursday, January 21, 2016

སྐྱོ་བའི་མིག་ཆུ་མཁུར་ངོས་ནས་ཟགས་སོང་།




                                བཅད་མ།  

ཆོས་དང་སྲིད་དོན་རིག་པ་གང་ཡིན་ཡང་།།

མཁྱེན་པའི་མངལ་རྙེ་ཡིད་བཞིིན་དབང་གི་ནོར།།

སྙུང་བའི་ཚུལ་སྟོན་ཉམས་ང་རྣམ་འགྱུར་འདི།།

མཐོང་བའི་མོད་ལ་སེམས་པ་གཏིང་ནས་སྐྱོ།།


གནའ་དང་དེང་གི་ཤེས་བྱའི་གནས་ལུགས་ཀུན།།

སྨྲ་ལ་ཐོགས་མེད་མི་འཇིགས་གདོང་ལྔ་པ།།

འགྲོ་ཀུན་དགོས་འདོད་ཀུན་འབྱུང་བླ་མ་ཡི།།

སྙུང་གཞི་བཞེས་པའི་ཚུལ་འདི་མཐོང་བས་སྐྱོ།།


ཉིན་མཚན་དབྱེ་མེད་འགྲོ་དྲུག་བདེ་བའི་ཕྱིར།།

དཀའ་སྤྱད་འཁུར་དུ་འཆང་བའི་བླ་མ་ཡི།།

ད་ལན་ཡ་ངའི་སྤྱན་མིག་བསྙུང་གཞི་བཞེས།།

སྐྱོ་བའི་གནས་ཚུལ་ཐོས་དུས་སེམས་རེ་སྐྱོ།།


གོ་ལ་ཟླུམ་པོའི་མཁས་པའི་ཡང་རྩེ་སོན།།

གོ་ལ་ཟླུམ་པོ་གཟི་དཔའ་མགུལ་བར་བྱས།།

གོ་ལ་ཟླུམ་པོ་གང་གི་རྟ་བདུན་ཁྱེད།།

ནང་ཡང་མ་བཞུད་རྟག་ཏུ་བཞུགས་པར་སྨོན།།

ཕྱི་ལོ་༢༠༡༦ །༡། ༢༠

No comments: