Tuesday, August 22, 2017

དར་དགོན་བླ་མ་མཁས་དབང་རྡོ་བུམ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ལོ་རྒྱུས།


རྡོ་བུམ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ཕྱི་ལོ་༡༩༤༢ལོར་མདོ་ཁམས་སྒ་བ་རིན་ཆེན་ཚོ་དྲུག་གི་སྒ་བཞི་དབུས་མདོར་ཡབ་བཀྲིས་དཔལ་འབྱོར་དང་ཡུམ་ལོ་ཡག་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དམ་པའི་རང་རྟགས་འབུར་དུ་ཐོན་པས་རྡོ་བུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་བཀྲིས་དར་རྒྱས་དགོན་དུ་གདན་དྲངས་ནས་རྡོ་བུམ་སྐུ་གོང་མའི་གདན་སར་ཁྲི་འདོན་མཛད།དགུང་ལོ་ལྔ་དྲུག་ཙམ་གྱི་ཐོག་ལ་འཁྲུངས་གསར་བློ་བཟང་དཔལྡན་དང་།ཧོར་ཆོས་རྗེ་སྐུ་ཕྲེངདྲུག་པ་བློ་བཟང་དཔལྡན་གཉིས་རྡོ་བུམ་རི་ཁྲོད་དུ་གདན་དྲངས་པའི་སྐབས་དང་བསྟུན་དམ་པ་དེ་གཉིས་ཀྱི་སྐུ་དྲུང་ནས་ཡི་གེའི་ཕྱི་མོ་ཀ་ཁ་བསླབས། མདོ་ཁམས་བསྟན་པའི་སྒྲོན་མེ་དར་དགོན་མཁན་པོ་བྱམས་པ་མཁས་གྲུབ་དང། དགེ་བཤེས་ཡ་མ་ཚེ་དཔགདགེ་ཐུབ་བསྟན་སོགས་གྱི་ཞབས་དྲུང་ནས་ཡི་གེ་འབྲི་ཀློག་དང་། ཆོས་སྤྱོད་ཆོ་ག། བསྡུས་གྲྭ་དང། རྟགས་རིགས་སོགས་ལ་གསན་སྦྱོང་གནང་། འཁྲུངས་གསར་སྐུ་ཕྲེང་བཞི་པ་བསྟན་འཛིན་བློ་བཟང་དཔལྡན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཉིས་པར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཞབས་སོར་མངོན་པར་འཁོད་དེ་དཔལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། ཡོངས་ཀྱི་དགེ་བའི་བཤེས་གཤེན་ཆེན་པོ་བསོད་ནམས་མགོན་པོ་མཆོག་དང་། ཕ་ར་མཁན་ཟུར་པདྨ་མ་རྒྱལ་མཚན། ཚུལ་ཁང་མཁན་ཟུར་ཡེ་ཤེས་ཐུབ་བསྟན་སོགས་རིགས་པ་སྨྲ་བའི་ཁྱུ་མཆོག་རྒྱན་དྲུག་གཅིག་དུ་བསྡུས་འདྲའི་བཤེས་གཉེན་མཁས་པ་དུ་མའི་ཞབས་ལ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། ཤིང་རྟ་ཆེན་པོ་དག་གི་གཞུང་ལུགས་དང་། འཇམ་མགོན་བླ་མ་ཡབ་སྲས་ཀྱི་ལེགས་བཤད། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་སོགས་ལ་གསན་བསམ་རྒྱ་ཆེར་གནང་། རྗེ་འདི་ལ་ཐུགས་རིག་འགྲན་ཟླ་བྲལ་བ་ཞིག་ཡོད་ཅིང་ལྷག་པར་དུ་ཐུགས་འཛིན་ངོ་མཚར་བ་ཞིག་ཡོད་པ་སྟེ་ཧ་ཅང་ཡིད་གཏད་པ་ལྟ་བུ་གནང་མི་དགོས་པར་ཉིན་རེ་ལ་དཔེ་ཆ་མང་དུ་ཐུགས་འཛིན་གནང་ཐུབ་ཀྱི་ཡོད་ཚུལ་རྒན་རབས་རྣམས་ཀྱིས་གཅིག་གྱུར་དུ་གསུངས། རྗེ་འདིའི་ཐུན་མོང་བའི་ཐུགས་རིག་དང་བཟང་སྤྱོད་སོགས་ཤིན་ཏུ་ལེགས་པ་མ་ཟད། ཐུན་མོང་མ་ཡིན་པའི་རྨི་ལྟས་སོགས་ཀྱང་ངོ་མཚར་ཅན་འབྱུང་གི་ཡོད་པ་སྟེ། 


ཐེངས་གཅིག་རྗེ་འདིའི་མལ་ལམ་དུ་དཔེ་ཆ་ཞིག་ཐུགས་འཛིན་བྱས་པ་རྨིས་ཤིང་མལ་ལས་སྡང་སྐབས་ད་དུང་ཐུགས་ལ་བརྗེད་མེད་དུ་གནས་ཡོད་ན་ཡང་གཞུང་གང་ཡིན་ངོས་འཛིན་མ་ཐུབ་པས། ཕྱི་ཉིན་དཔེ་ཁྲིད་སར་རྗེ་གང་གི་རྩ་བའི་ཡོངས་འཛིན་དགེ་བསོད་ནམས་མགོན་པོ་མཆོག་ལ་རྨི་ལམ་གྱི་བྱུང་རབས་དེ་དག་ཞུས་སྐབས་གཞུང་དེ་ནི་མངོན་པ་མཛོད་ཀྱི་རྩ་བ་རེད། ཁྱེད་ཀྱི་རྨི་ལམ་དེ་འདྲ་གཏོང་བ་ནི་ཤིན་ཏུ་ཡག་པོ་རེད་ཅེས་ཐུགས་དགྱེས་པའི་ངང་ནས་རྗེས་སུ་འཛིན་པར་བྱས་པ་སོགས་རྗེ་འདིའི་འཛིན་གྲོགས་གཅིག་པའི་རྒན་རབས་རྣམས་གྱི་ངག་རྒྱུན་དུ་གྲགས། སྐྱེས་སྟོབས་ཀྱི་ཤེས་རབ་ཟབ་ཅིང་སྦྱོང་འདོད་ཀྱི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་གཏིང་ཟབ་བྱེད་བཞིན་པའི་མུར། རྒྱ་ནག་དྲག་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་བོད་མི་ཡོངས་རྫོགས་ཁ་འཐོར་དུ་འགྲོ་དགོས་བྱུང་སྐབས་རིན་པོ་ཆེ་འདི་ཡང་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་འབྱོར། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་དུ་བཞུགས་ནས་སྔར་གྱི་སློབ་སྦྱོང་ཟབ་མོའི་འཕྲོ་མཐུད་གནང་། ༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་བཞེས་པ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། སྐྱབས་རྗེ་ཟོང་རིན་པོ་ཆེ་མཆོགསེར་བྱེས་དགེ་བཤེས་ཨོ་རྒྱན་ཚེ་བརྟན་སོགས་ལས་མདོ་སྔགས་ཀྱི་གསེར་ཆོས་དུ་མའི་དབང་ལུང་མན་ངག་རྒྱ་ཆེར་མནོས། ཕྱི་ལོ་༡༩༦༩ལོར་ཝཱཎ་ལེགས་སྦྱར་མཐོ་སློབ་ཏུ་ཞུགས་ནས་ཕྱི་ལོ་༡༩༧༢ལོར་ཨཙཱརྱའིཨང་དང་པོའི་ཕྱག་ཁྱེར་བླངས།

དགུང་ལོ་སོ་གཅིག་པ་ཕྱི་ལོ༡༩༧༢ལོར་ལྡི་ལི་བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་ལས་གནང་མུས་ཐོག་རང་གཞུང་གིས་རྡ་ས་བོད་ཀྱི་དཔེ་མཛོད་འགན་འཛིན་དུ་གནས་འཕོས་གནང་བ་ལྟར་དེར་ཕེབས་ནས་ཕྱག་ལས་རྒྱ་ཆེར་གནང་། དཔེ་མཛོད་ཁང་དུ་བོད་ཡིག་གི་དཀར་ཆག་དེང་ལུགས་དང་མཐུན་པར་སྒྲིག་སྟངས་དང་། གསུང་རབ་སྡེ་ཚན་དབྱེ་སྟངས་གསར་གཏོད་བཅས་ཀྱི་འགན་ཁུར། རབ་བྱུང་བཅུ་དྲུག་པ་ཕྱི་ལོ་༡༩༧༥རང་ལོ་སོ་བཞིའི་ཐོག་སྐབས་དེའི་བློ་གླིང་མཁན་པོ་ཚུལ་ཁང་ཡེ་ཤེས་ཐུབ་བསྟན་མཆོག་ནས་རིན་པོ་ཆེ་འདིའི་ཕུལ་དུ་བྱུང་བའི་གནའ་དེང་གི་ཤེས་ཡོན་ཟབ་མོ་ལ་བསྔགས་བརྗོད་དང་བཅས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཆོག་པའི་བཀའ་དགོངས་བསྩལ། དགུང་ལོ་སོ་དྲུག་པ་ཕྱི་ལོ་༡༩༧༧ལོར་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་ལས་གནང་། ༧གོང་ས་མཆོག་གི་ཆིབས་ཞབས་ཞུས་ནས། འཇའ་པན་དང་། སི་ཛི་ལེ་དྲི། ཨ་རི། ཨུ་རུ་སི། སོག་ཡུལ་བཅས་ལ་ཕེབས་པ་དང་། དམ་པ་འདིའི་ལུགས་ཟུང་གནས་ལ་གཟིགས་པ་བླ་ན་ཡངས་པོ་ཡིས་༧གོང་ས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། བོད་བསྟན་སྲིན་ལ་སྨན་པའི་རླབས་ཆེན་གྱི་མཛད་པ་རྒྱ་ཆེར་འགྲུབ། དགུང་གྲངས་བཞི་བཅུ་པ་ཕྱི་ལོ་༡༩༨༡ལོར་འཕགས་ཡུལ་གྱི་རྒྱལ་ས་ལྡི་ལི་ན་ཡོད་པའི་བོད་ཁང་འདི་ཉིད་གནའ་དེང་རིག་གཞུང་དང་བཅས་པའི་བསྟི་གནས་གལ་ཆེན་ཞིག་ལ་བརྩིས་ནས་གོང་རིམ་ནས་བཀའ་མངགས་ལྟར། ལྡི་ལི་བོད་ཁང་གི་འགན་འཛིན་གནང་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཐོག་ཞིབ་འཇུག་དང་། མཁས་དབང་མཉམ་འཛོམས་ཀྱི་བགྲོ་གླེང་ཞིབ་འཇུགདཔྱད་གཏམ་སྤེལ་བའི་དེབ་ཕྲེང་ཟ་མ་ཏོག་སོགས་སྤེལ་བ་ལ་བརྟེན། ལྡི་ལི་བོད་ཁང་འདི་ཉིད་བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་གནའ་དེང་རིག་པའི་གཞུང་ལུགས་ཉམས་ཞིབ་ཁང་གི་བསྟི་གནས་སུ་བསྒྱུར། བོད་ཁང་དབུ་འཛིན་གྱི་ཐུགས་འགན་བཞེས་བཞིན་པའི་ངང་ནས་ཕྱི་རྒྱལ་ས་ཁུལ་དུ་མ་དང་རྒྱ་གར་གྱི་ཡུལ་གྲུ་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ཐུགས་འགན་བཞེས་ནས་ཚོགས་འདུ་ཁག་མང་པོར་ཕེབས། གཞན་ཡང་ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་གལ་ཆེ་བའི་ཕྱག་ལས་སྣ་ཚོགས་སྤེལ་བའི་ལོ་རྒྱུས་སོགས་ཤིན་ཏུ་འགངས་ཆེ་བར་བསྐྱངས། རིག་རྩལ་མི་འདྲ་བ་བརྒྱ་ཕྲག་གི་དུས་སྟོན་སོགས་དང་སྒོ་བསྟུན་ཏེ་བོད་ཀྱི་རིག་གཞུང་དང་རིག་གཞུང་གཞན་གྱི་དབར་འབྲེལ་བ་གོང་མཐོར་བྱེད་ཐབས་དང་བོད་ཀྱི་རིག་གཞུང་ལ་འཛམ་གླིང་མི་མང་མཐོང་ཆེན་འོང་ཐབས་ཐོག་ལ་ཤུགས་སྣོན་གང་ལེགས་ཐོན་ཐབས་བྱས། ཕྱི་ལོ་༡༩༧༨ལོར་བློ་གླིང་གྲྭ་ཚང་གི་དགེ་འདུན་རྣམས་ཀྱི་སློབ་གཉེར་གྱི་མཐུན་རྐྱེན་ཆེད་ཨ་རི་སོགས་ཕྱི་རྒྱལ་ཁག་ལ་འཁྲབ་སྟོན་འགྲོ་རྒྱུའི་དབུ་ཚུགས་གནང་ཞིང་དེ་ལ་བརྟེན་ཏེ་ད་ལྟའི་བར་འཁྲབ་སྟོན་རྒྱུན་མ་ཆད་པར་འགྲོ་ཐུབ་ཡོད་པ་མ་ཟད་གྲྭ་ཚང་གི་ཕྱི་ནང་ལས་དོན་གང་གི་ཆ་ལ་ཡང་ཕན་རླབས་ཤིན་ཏུ་ཆེན་པོ་བྱུང་ཡོད། ཕྱི་ལོ་༡༩༨༧ལོར་རྒྱ་གར་གྱི་སྲིད་བློན་དམ་པ་ར་ཇི་གྷན་རྡི་དང་དངོས་སུ་མཇལ་འཕྲད་གནང་ནས་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་རྒྱུའི་ཆོག་མཆན་ཞུས་དོན་བཞིན། སྲིད་བློན་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་བཀའ་འཁྲོལ་གནང་བ་ལྟར་དངོས་སུ་ལས་མགོ་བཙུགས་ཏེ་༡༩༩༣ལོར་ཡོངས་སུ་མ་ཚང་བ་མེད་པར་ལེགས་གྲུབ་བྱུང་སྟེ་ད་ལྟའི་ཆར་ལྡི་ལི་ན་དངོས་སུ་མཇལ་རྒྱུ་ཡོད་པ་ཐུབ་པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་BUDDHAGARDENཞེས་པ་ཀུན་གྱི་མཐོང་སྨོན་དུ་གྱུར་པ་འདི་ཉིད་དོ། ཁྱད་པར་དུ་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཅན་གྱི་སངས་རྒྱས་ཀྱི་སྐུ་བརྙན་གཅིག་སྟོང་ལྔ་བརྒྱ་ཐ་ལན་Thailandཡུལ་ནས་མཁན་པོ་ས་བྷ་ར་ཛ་ཞེས་པས་༧གོང་ས་མཆོག་མཇལ་འཕྲད་གནང་བ་དང་འབྲེལ་རྒྱ་གར་དུ་གདན་འདྲེན་ཞུས་ཐུབ་ཅིང་དེ་དག་གི་བཞུགས་གནས་ས་ཆ་གང་ལེགས་བཀོད་བསྒྲིགས་ཀྱི་ཐབས་ཤེས་སྣ་དགུ་གནང་སྟེ་རྣམ་དཀར་གྱི་བྱ་བ་ལེགས་པར་བསྐྱངས། ཕྱི་ལོ་༡༩༩༩ཟླ་༥པའི་ཚེས་༩ཉིན་ཐ་ལེན་MBU ཚོགས་པས་ཆེ་བསྟོད་འབུམ་རམས་པའི་ཕྱག་ཁྱེར་འབུལ་གནང་ཡོད་ལ། ཨ་རིའི་སྲིད་འཛིན་གྲགས་ཅནGeorge w.bushདང་དབྱིན་ཡུལ་གྱི་རྒྱལ་སྲས་ Prince Charlesགཙོས་པས་གྲགས་ཅན་མི་སྣ་དུ་མར་སྔ་ཕྱིར་མཇལ་འཕྲད་གནང་བ་སོགས་ཀྱིས་བོད་ཀྱི་རྩ་དོན་ལ་སྨན་པའི་མཛད་ཆེན་ཕུལ་དུ་ཕྱིན་པ་བྱུང་ཡོད། དེ་བཞིན་ལྡི་ལི་བོད་ཁང་གི་འགན་འཛིན་དང་ཏ་ལའི་བླ་མའི་ཐེབས་རྩ་ཚོགས་Dalai Lama Foundationཞེས་པའི་འགན་འཛིན་གཅིག་ལྕོགས་གནང་མུས་ཐོག་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཨ་རི་དང་། ཐ་ལེན། ཉི་ཧོང་། འཇའ་པན། ཇར་མིན། སྦེ་ལོར་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་གནད་ཅན་གང་སར་བགྲོ་གླེང་སྣ་ཚོགས་ལ་ཕེབས་པ་དང་། བོད་ཀྱི་རིག་གཞུང་ངོ་སྤྲོད། རིག་གཞུང་འཁྲབ་སྟོན་མཛད་སྒོ་འདྲ་མིན་འཚོགས་པ། འཛམ་གླིང་རོལ་དབྱངས་དུས་སྟོན་གྱི་མཛད་སྒོ་དབུ་འཛིན་བྱུང་བ་སོགས་ཀྱི་སྐབས་སུ་འཛམ་གླིང་ཞི་བདེ་ལ་སྨན་པའི་བཀའ་སློབ་དང་འབྲེལ་བོད་ཀྱི་རྩ་དོན་ལ་ཕན་པའི་གསུང་བཤད་ཡང་ཡང་གནང་བས་བོད་དོན་གྱི་ཆེད་དུ་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་མང་དུ་བྱུང་ཡོད། སྔ་ཕྱིར་རྒྱལ་བའི་ཆོས་ཚུལ་དང་། ལྷད་མེད་དངུལ་དཀར་མེ་ལོང་སོགས་དབྱིན་བོད་གཉིས་ཀྱི་ཐོག་ནས་ལྗགས་རྩོམ་མཛད་པ་དང་། རྗེའི་གསུང་ལམ་གཙོ་རྣམ་གསུམ་དབྱིན་སྐད་དུ་བསྒྱུར་བ་དང་། བོད་དོན་ལ་ཕན་རླབས་ཆེ་བའི་གསུང་རྩོམ་ཐུང་ངུ་ཤིན་ཏུ་མང་པོ་རྒྱ་བོད་དབྱིན་གསུམ་གྱི་དུས་དེབ་དང་ཚགས་པར་བརྒྱུད་འགྲེམས་སྤེལ་གནང་། ད་ལྟ་ལྡི་ལི་བོད་ཁང་གི་འགན་འཛིན་ལས་བགྲེས་ཡོལ་ཞུས་ཟིན་ན་ཡང་འཛམ་གླིང་ཕྱོགས་ཕེབས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེབས་ཞུ་མུས་སུ་བཞུགས་བཞིན་པ་འདི་ཉིད་དོ།

No comments: