མི་རིགས་ཀྱི་སྲོག་རྩ་ཉག་ཅིག
____ བྱིས་པའི་དུས་དྲན་ལ་ཕུལ།
སྐུ་གཟུགས་མཚར་སྡུག་འཇོ་སྒེག་ཉམས་འགྱུར་དང་།།
དབྱངས་ཅན་ལྷ་མོའི་གསུང་གི་བྱིན་རླབས་སོགས།།
བདག་སོགས་སྙན་དངགས་གར་སྟེགས་ཟློས་གར་ལ།།
པི་ཝང་རམ་འདེགས་ལན་ཅིག་མཛད་དུ་གསོལ།།
ཆོས་ཀྱི་འབྱུང་གནས་རྒྱ་གར་ཞི་བདེ་གནས།།
སྲིད་ཀྱི་རང་དབང་ཚད་མཐོ་ལྡན་པའི་ཞིང་།།
སྲིད་བློན་དབུ་འཁྲིད་དང་པོ་ནེ་རུ་ཡི།།
འོད་ཟེར་འཛམ་གླིང་ཁྱབ་པར་ཨེ་མ་རྨད།།
རླབས་ཆེན་དམ་པ་དེ་ཉིད་མཛད་འཕྲིན་ལས།།
རྒྱ་གར་རྒྱལ་ཡོངས་གང་གི་འཁྲུངས་སྐར་ལ།།
བྱིས་པའི་ཉིན་མོ་སྲུང་བརྩི་བྱེད་པ་བཞིན།།
སླར་ཡང་དེ་རིང་བྱིས་པའི་ཉིན་མོ་བསུ།།
བློ་རིག་བཀྲ་བའི་བྱིས་པ་འདི་དག་ནི།།
མ་འོངས་རྒྱལ་ཁབ་ཅིག་གི་རྐང་འཛིན་ཡིན།།
མི་རིགས་ཤིག་གི་སྲོག་རྩ་བརྟན་དགོས་ན།།
བྱིས་པ་འདི་དག་ལས་གཞན་སུ་ཡང་མེད།།
བྱམས་དང་བརྩེ་བའི་མདུན་ལམ་ལམ་སྟོན་འོག།
བྱིས་པ་སྐྱེད་སྲིང་བྱེད་པ་ཀུན་ལས་མཆོག།
རིག་པའི་གནས་བཅུ་ཨིན་ཇི་ཚན་རྩལ་སོགས།།
མང་ཐོས་གནས་ལ་བརྩོན་པའི་བྱིས་པ་རྒྱལ།།
དགེ་རྒན་བཟང་པོ་མ་ནོར་ལམ་སྟོན་འོག།
ཤར་སྐྱོད་བྱེད་པའི་མ་འོངས་སོན་རྩ་རྣམས།།
དགའ་བདེའི་དཔལ་ལ་རོལ་བའི་དུས་དྲན་སྐབས།།
ཁྱེད་ཅག་གདོང་ལ་འཛུམ་མདངས་འཁོར་བ་འདི།།
སླར་ཡང་འབྱུང་ན་བསམ་པའི་སེམས་ཚོར་སྐྱེས།།
ཕན་ཚུན་འཛུམ་མདངས་འཕྱུར་བའི་གནས་མཆོག་འདིར།།
སྲིད་མཐའི་བར་དུ་མཉམ་གནས་རེ་བ་ཞིག།
ཁྱེད་ཚོ་མི་ཚེ་མདུན་ལམ་གཟི་བརྗིད་ངང་།།
མི་རིགས་རྐང་འཛིན་ཉག་ཅིག་ཆགས་པ་སྨོན།།
བཅས་ས་མཐའི་ཁུ་བྱུག་གིས<< བྱིས་པའི་ཉིན་མོ >> ཚར་རྗེས་སེམས་ཚོ་ཞིག་དཀར་ཤོག་ངོས་སུ་ཤར་མར་ཕབ། ཕྱི་ལོ་༢༠༡༨།༡༡།༡༤ ཉིན་ལ།
No comments:
Post a Comment