Wednesday, October 02, 2019

རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོའི་སྐོར་གྱི་དོགས་དཔྱོད་ཐོར་བུ།

 སྟག་རི་གཉན་གཟིགས་སྐབས་བྱུང་བའི་རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པའི་སྐོར་ལ་དཔྱད་པ་རགས་ཙམ་གཏོང་བར་སྤྲོ་སྟེ། ཐོག་མར་རྒྱལ་ཕྲན་སྟག་སྐྱ་བོ་ཞེས་པའི་སྐོར་ཏུན་ཧོང་ཡིག་རྙིང་ནང་གསལ་བ་གཞིར་བཞག་ནས་བརྗོད་ན།
    མཁར་པྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ(གཉན)གཟིགས་བཞུགས། ཉེན་ཀར་རྙིང་པ་ནི་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། ཞེས་གསལ་བ་ལྟར་སྐབས་དེར་ཡར་ལུང་སྤུ་རྒྱལ་སྲིད་དབང་དང་ཁ་གཏད་དུ་གནས་པའི་རྒྱལ་ཕྲན་གཉིས་ཀྱི་ཚུལ་བཀོད་པའི་ལོ་རྒྱུས་བྱུང་བ་ཞིག་ཡིན་ལ། དེང་གི་སྐབས་སུ་ཏུན་ཧོང་ཡིག་རྙིང་ཏུ་འཁོད་པའི་བྱུང་བ་དེ་སྤུ་རྒྱལ་སྟག་རི་གཉན་གཟིགས་སྐབས་བྱུང་བའི་ལོ་རྒྱུས་ཀྱི་ཁ་སྐོང་གཤའ་མ་ཞིག་ཏུ་བརྩིས་ནས་དེབ་ཐེར་ཁག་ནང་འདྲེན་ཞིང་དུས་ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་གོང་སྨོས་རྒྱལ་ཕྲན་དེ་གཉིས་སྐྱིད་ཆུའི་བྱང་ཕྱོགས་ཀྱི་ས་ཆར་གནས་པའི་ངོས་འཛིན་བྱེད་བཞིན་མཆིས། དེ་ལྟར་མཐའ་གཅིག་ཏུ་ཁ་ཚོན་གཅོད་པའི་རྒྱུ་མཚན་ནི། ཏུན་ཧོང་ཡིག་རྙིང་དུ་ཟིང་པོ་རྗེ་སྟག་སྐྱ་བོས་ལེགས་ཉེས་དབྱེ་འབྱེད་མེད་པར་རྒྱལ་ཁམས་ཁྲིམས་བཞིན་བསྐྱང་མ་ཐུབ་སྟབས་འོག་གི་བློན་གཉན་འཛི་ཟུང་བློ་ལོག་ཅིང་དེས་ནང་གཏམ་ཟིང་པོ་རྗེ་ཁྲི་པངས་སུམ་ལ་བསྙད་པས་ཁྲི་པངས་སུམ་གྱིས་སྟག་སྐྱ་བོའི་སྲིད་བརླག་སྟེ་མངའ་ཁོངས་ཆེ་ཆེར་བསྐྱེད་པའི་གཏམ་རྒྱུད་འདྲེས་མའི་ལོ་རྒྱུས་བྱུང་བ་འདི་དང་། དེའི་རྗེས་སུ་གནམ་རི་སྲོང་བཙན་སྐབས་སྤུ་རྒྱལ་བཙན་པོའི་དམག་གིས་ཟིང་རྗེ་ཁྲི་པངས་སུམ་གྱི་སྲིད་བརླག་སྟེ། དེའི་ཡུལ"ངས་པོ"བྱ་བར"འཕན་པོར"འགྱུར་བའི་བྱུང་བ་དེ་དག་ལ་བརྟེན་ནས་ཕྱིས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོ་དང་སྤུར་བ་ཡུ་སྣ་ན་ཆགས་པའི་རྒྱལ་ཕྲན་ཟིང་པོ་རྗེ་ཁྲི་པངས་སུམ་གཉིས་སྐྱིད་ཆུའི་བྱང་རྒྱུད་འཕན་པོའི་ཁུལ་དུ་གནས་པའི་ངོས་འཛིན་ཞིག་བྱུང་འདུག འོན་ཀྱང་རྒྱལ་ཕྲན་དེ་གཉིས་ལས་ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པའི་རྒྱལ་ཕྲན་དེའི་སྐོར་ལ་ངེས་པར་བསམ་གཞིགས་བྱ་དགོས་པའི་གནད་ཅིག་མཆིས་ཏེ། ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པའི་རྒྱལ་ཕྲན་དེའི་གནས་ཡུལ་ནི་ཏུན་ཧོང་ཡིག་རྙིང་ནང་ཉེན་ཀར་རྙིང་བ་ཞེས་པའི་ས་གནས་དེ་ཡིན་པ་ཁ་གསལ་བར་བསྟན་ལགས། གོང་གསལ་ཉེན་ཀར་ཞེས་པའི་ས་ཆ་དེ་གང་དུ་ངོས་འཛིན་པའི་སྐོར་ལ《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང》ཞེས་པའི་ནང"ཉེན་ཀར་བྱ་བའི་ཡུལ་དེ་ཡང་སྙིང་མཐའ་གཅིག་ཏུ་གང་ལ་ངོས་འཛིན་དགོས་པའི་ཚུལ་ཐག་བཅད་མེད་ཀྱང་དེ་འབྲེལ་གྱི་དོགས་དཔྱོད་མི་ཉུང་བ་ཞིག་མཁོ་འདོན་མཛད་འདུག"②ཅེས་པ་ལྟར་མིག་སྔར་དཔྱད་གཞིའི་ཡིག་ཆ་ཁག་བསྡུར་བར་གཞིགས་ན། ཉེན་ཀར་བྱ་བའི་ཡུལ་འདི་བཙན་པོའི་སྐབས་ཧ་ཅང་གལ་ཆེ་བའི་ས་གནས་ཤིག་ཡིན་པར་གོ་རྒྱུ་འདུག་སྟེ། ཏུན་ཧོང་ཡིག་རྙིང་ནང་སྤུ་རྒྱལ་མང་སྲོང་མང་བཙན་ནས་ཁྲི་འདུས་སྲོང་མང་པོ་རྗེའི་བར་ཉེན་ཀར་གྱི་ཡུལ་དུ་བཙན་པོ་བཞུགས་པའི་ལོ་རྒྱུས་མང་དུ་བྱུང་ལ། "ཉེན་ཀར་གྱི་ལྕང་བུར་བཙན་པོས་བཀས་བཅད་དེ། བློན་ཆེན་གུང་རྟོན་བཀུམ"③པའི་སྐོར་འཁོད་པ་བཅས་ལས་མདོར་ན་ཡུལ་ཉེན་ཀར་དེ་བཙན་པོའི་ལོ་རྒྱུས་ཐོག་ས་གནས་འགངས་ཆེན་ཞིག་ཡིན་པ་ཤུགས་ལ་རྟོགས་ནུས། འོན་ཀྱང་དེའི་རྗེས་སུ་བྱོན་པའི་ཁྲི་ལྡེ་གཙུག་བརྟན་གྱི་ལོ་རྒྱུས་བྱུང་བའི་ནང་ཡུལ་ཉེན་ཀར་དུ་བཙན་པོ་སླར་བྱོན་པའི་སྒྲོས་མེད་ལ་སྤུ་རྒྱལ་ལོ་རྒྱུས་ཀྱི་བམ་པོའི་ཐོག་ཡུལ་དེ་གློ་བུར་དུ་ཡལ་བ་ལྟ་བུའི་དངོས་དོན་ཞིག་མཆིས། དེའི་སྐོར་གྱི་དཔྱད་གཞི་དཀོན་པས་རྒྱུ་མཚན་གང་ཡིན་དཔགས་མི་ནུས་ཀྱང་གནད་དོན་འདིར་ངེས་པར་བསམ་གཞིགས་བྱ་དགོས་པར་བསམ།


    གོང་འཕྲོ་མཐུད་དེ་བརྗོད་ན་ཐོག་མར་ཡུལ་ཉེན་ཀར་ཞེས་པའི་སྐོར་འཁོད་པ་ནི། ཏུན་ཧོང་ཡིག་རྙིང་ནང"ཉེན་ཀར་རྙིང་པ་ནི་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། "ཞེས་པའི་ཚིག་འདི་ཡིན་ཞིང་། འོན་ཀྱང"ཉེན་ཀར་རྙིང་པ"ཞེས་པའི་འབྲི་ཚུལ་ལ་དཔྱད་གཞི་འགའི་ནང"ཉེན་ཀར་གྱི་རྟིང་བ"ཞེས་གོང་གསལ་དང་ཅུང་ཟད་མི་འདྲ་བར་བྲིས་ཤིང་ཡིག་རྙིང་གི་ཚིག་དེའི་གོ་བ་ལེན་ཚུལ་ལ་ཁོ་བོས་བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྱུར་བཀྲལ་བྱས་པའི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》ཞེས་པའི་དཔེ་ཆ་རུ་དྲངས་པའི་ཏུན་ཧོང་ཡིག་རྙིང་དངོས་ཀྱི་སྤྱིན་ཤོག་པར་དཔྱད་པས། ཕྱི་མོའི་ནང་ཉེན་ཀར་རྙིང་པ་ནི་ཞེས་གསལ་ལ། འོག་ཏུ་བཀོད་པའི་བསྒྱུར་འགྲེལ་ནང"ཉེན་ཀར་བྱ་བའི་མཁར་རྙིང་པ་ན། ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། །"④ཞེས་མདོར་ན་ཉེན་ཀར་བྱ་བ་ནི་མཁར་རྙིང་བ་ཞིག་གི་མིང་ཡིན་པ་ལྟར་བསྟན་ཡང་དེ་འཐད་པར་མ་མཐོང་ངོ་། །ཁོ་བོས་བསམ་ན། ཚིག་དུམ་འདི་བཞིན་བསྟན་དོན་དངོས་གང་ཡིན་བཀྲལ་བས་ན། སྔར་གྱི་ཡུལ་ཉེན་ཀར་ནི་ཟིང་པོ་རྗེ་སྟག་སྐྱ་བོས་བཟུང་ངོ་། །ཞེས་བཀྲལ་ན་དོན་དངོས་དང་ཅུང་ཉེ་བ་ཞིག་ཡིན་སྙམ།
    དེས་ན་ཐོག་མར་ཡུལ་ཉེན་ཀར་གྱི་གནས་ཡུལ་དེ་གང་ལ་བརྩི་དགོས་ཐད་སྨྲ་བར་བྱ་སྟེ། སྤུ་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཡུལ་རུ་ལྔར་ཕྱེ་བའི་ནང་ཚན་གཡས་རུའི་སྟོང་སྡེའི་སྐབས། "ཉེན་མཁར་དང་འགྲངས་རྩང་གཉིས། "⑤ཞེས་ཡུལ་ཉེན་ཀར་འདི་གཙང་གཡས་རུའི་ཁོངས་སུ་དྲངས་ཡོད་པ་ལས་གསལ་བ་ནི་གོང་གསལ་ཏུན་ཧོང་ཡིག་རྙིང་ནང་འཁོད་པའི་ཉེན་ཀར་གྱི་ཡུལ་དེ་གཙང་ཁུལ་དུ་ཡོད་པ་གོ་རྒྱུ་ཡོད་ཅིང་འོན་ཀྱང་དེའི་མཇུག་ཏུ་ཏུན་ཧོང་ཡིག་རྙིང་ནང་ཁྲི་འདུས་སྲོང་གི་བྱུང་བ་བརྗོད་སྐབས"ཉེན་ཀར་ལྕང་བུར་གུང་རྟོན་བཀུམ"ཞེས་དང་། སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་ཡི་གེའི་ཐོག་སྟོད་ཀྱི་ལྕང་བུར་གཙུག་ལག་ཁང་བརྩིགས། ཞེས་འཁོད་པ་ལས་ཉེན་ཀར་གྱི་ཡུལ་དེ་ལྷ་ས་སྟོད་ལུང་ཁུལ་དུ་ཡོད་པའི་སྣང་བ་ཞིག་ངང་ངམ་ཤུགས་སུ་སྟེར་འོང་། དེ་ལྟར་ན་ཉེན་ཀར་གྱི་ཡུལ་དེ་དབུ་རུ་དང་གཡས་རུ་གཉིས་ཀར་མཆིས་པའི་ཐེ་ཚོམ་གྱི་བརྗོད་ཚུལ་ཞིག་མངོན་སུམ་དུ་གྲུབ་ལགས། འོན་ཀྱང་སྤུ་རྒྱལ་བཙན་པོའི་ལོ་རྒྱུས་སུ་འཁོད་པའི་ཆོས་འབྱུང་ལོ་རྒྱུས་ཀྱི་དཔྱད་གཞི་ཁག་ཏུ་གནད་དོན་དེའི་སྐོར་ལ་ཕན་ཚུན་འགལ་བ་ལྟ་བུར་སྣང་ཡང་། དོན་དངོས་ཐོག་དེ་གཉིས་འགལ་བར་མི་འགྲོ་བ་ཡིན་ཏེ། སྲོང་བཙན་གྱི་གོང་ལ་རྒྱལ་ཕྲན་ཁག་བཅད་བཟུང་གི་གནས་སྐབས་སུ་ཉེན་ཀར་གྱི་ཡུལ་དེ་ཟིང་པོ་རྗེ་སྟག་སྐྱ་བོས་བཟུང་བའི་མངའ་ཁོངས་ཤིག་ཡིན་ཞིང་། དུས་ཕྱིས་ཉེན་ཀར་གྱི་ཡུལ་ཞེས་པའི་ཐ་སྙད་དེ་དབུ་རུ་དང་གཡས་རུ་གཉིས་ཀར་ཐོན་པའི་རྒྱུ་མཚན་ནི། རྒྱལ་ཕྲན་སྐབས་ཉེན་ཀར་གྱི་ཡུལ་ཞེས་པ་ནི་མངའ་ཁོངས་ཧ་ཅང་ཆེ་བའི་ཡུལ་གྱི་སྤྱི་མིང་ཞིག་ཡིན་སྲིད་ལ། དེ་རྗེས་གནམ་རིའི་སྐབས་ཡར་ལུང་སྲིད་དབང་གིས་བོད་དབུས་གཙང་ཁུལ་གྱི་རྒྱལ་ཕྲན་ཁག་རིམ་བཞིན་མངའ་འོག་ཏུ་བཅུག་སྟེ་མཐར་སྲོང་བཙན་སྐབས་སླར་ཡང་སྤུ་རྒྱལ་ཆབ་སྲིད་སྐྱོང་བའི་དགོས་མཁོར་དམིགས་ནས་སྔར་རྒྱལ་ཕྲན་གྱིས་བཟུང་བའི་ཡུལ་གྲུ་དག་རུ་ལྔར་ཕྱེ་བའི་བརྒྱུད་རིམ་ཁྲོད། དེ་སྔོན་ས་རྒྱ་ཧ་ཅང་ཆེ་བའི་ཉེན་ཀར་གྱི་ཡུལ་དེ་གཉིས་སུ་གྱེས་ནས་དབུ་རུ་དང་གཡས་རུ་གཉིས་ཀར་ཕྱེད་ཙམ་རེ་གཏོགས་པ་ཞིག་ཡིན་སྟབས་ཕྱིས་ཀྱི་ལོ་རྒྱུས་དཔྱད་གཞིའི་ནང་ཉེན་ཀར་གྱི་ཡུལ་དེ་དབུ་གཡས་གཉིས་ཀར་མཆིས་པའི་བརྗོད་ཚུལ་དེ་བྱུང་བར་སེམས།
    གཤམ་ལ་ཉེན་ཀར་གྱི་ཡུལ་དེའི་ལྟེ་བ་དང་ས་ཁྱོན་ཇི་ཙམ་ཡོད་པའི་སྐོར་སྨྲ་བར་བྱ་སྟེ། ཐོག་མར་ཚུལ་དེ་ཇི་བཞིན་རྟོགས་པར་ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པའི་རྒྱལ་ཕྲན་གྱི་རྗེ་བོ་དེར་དབྱེ་ཞིབ་རགས་ཙམ་མ་བྱས་ན"སྟག་སྐྱ་བོ"ཞེས་པའི་མིང་འདི་ཐོབ་ཚུལ་ལ་བོན་དཔེའི་ནང"བདུད་ཁྱི་ངམ་སྟག་སྐྱ་བོ"⑥ཞེས་འགྲུ་རྗེ་ལྷ་དབང་ཐོད་དཀར་གྱིས་བཏུལ་བའི་བྱུང་བ་ཞིག་གསལ། དེ་ལས་གསལ་བ་ནི་ཏུན་ཧོང་ཡིག་རྙིང་ནང་འཁོད་པའི་ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པའི་མིང་དེ་བོན་གྱི་ལྷ་སྒྲུང་ནང་རུས་ངམ་ཡིན་པའི་བདུད་ཅིག་ཡིན་པར་ངོས་འཛིན་སྲོལ་བྱུང་བས་མིང་དེ་རྒྱལ་ཕྲན་རྗེ་བོ་ཁོ་ནར་བཀོལ་བ་ཞིག་མ་ཡིན་པར་བོན་གྱི་ལྷ་སྒྲུང་ནང་བདུད་ཀྱི་མིང་ལ་ཡང་བཀོལ་བ་དེ་ཡིན། གནད་དོན་དེར་མུ་མཐུད་དུ་བསམ་གཞིགས་བྱ་དགོས་པ་ཡིན་འདུག

    གོང་གསལ་སྟག་སྐྱ་བོའི་མིང་ཐོགས་ཚུལ་སྐོར་ལ་ལྷ་སྒྲུང་གི་བརྗོད་ཚུལ་ལས་འདས་པའི་བསམ་གཞིགས་བྱ་ཐབས་གཞན་ཞིག་ནི། "སྟག"ཅེས་པའི་རུས་ལ་དབྱེ་ཞིབ་བྱེད་དགོས་པ་དེ་ཡིན། བོད་མིའུ་གདུང་དྲུག་གི་རུས་མཛོད་ནང"སྟག"ཅེས་པའི་རུས་དེ་རྩ་བའི་རུས་དམུ་ཡི་ནང་ཚན་དམུ་ཚ་སྒའི་ཆེ་དྲུག་བརྗོད་པའི་སྐབས། "ཐོད་རུས་སྟག་རུས་སྟོད་ན་ཡོད། །"ཅེས་དང་། "སྟག་ལ་ཡུལ་སྟག་འབྲོག་སྟག་གཉིས། །"⑦ཞེས་གསལ་བ་ཇི་བཞིན"སྟག"ཅེས་པ་རུས་དམུ་ལས་གྱེས་པ་ཞིག་ཡིན་ལ་རུས་ཚན་མི་འདྲ་བ"སྟག"དང"འབྲོག"ཅེས་གཉིས་སུ་གྱེས་ཡོད་པ་རྟོགས་ཐུབ། དེ་ཡང་དཔེར་ན། ལྡོང་གི་རུས་ཚན་ཤུལ་ཆེན་བཅོ་བརྒྱད་བྱ་བ་དེང་སྐབས་མདོ་སྨད་ཁུལ་གྱི་ཡུལ་མིང་དུ་འབོད་པ་དང་དམུའི་རུས་ཚན"ཁྱུང"ལ་ཞང་ཞུང་སྐད་ནང"ཞུང"དུ་འབོད་ལ་དུས་ད་ལྟའི་བར་ཞང་ཞུང་གི་ཡུལ་ཞེས་འབོད་པ་བཅས་རུས་མིང་ཡུལ་ལ་ཐོགས་པའི་ཚུལ་ཤིན་ཏུ་གསལ། དེས་ན་གོང་གསལ་སྟག་རུས་ཀྱི་ནང་ཚན"སྟག"དང"འབྲོག"བྱ་བའི་རུས་འདི་གཉིས་ཀྱང་རུས་མིང་ཡུལ་ལ་ཐོགས་པ་ཞིག་ཡིན་སྲིད་པས་རུས་དེ་བཞིན་ཁྱབ་པའི་ཡུལ་གང་ཡིན་ངོས་གཟུང་ནུས་པ་ཞིག་ཡིན་སྙམ། གོང་དུ་བོད་ཡུལ་རུ་ལྔར་ཕྱེ་བའི་གཡས་རུའི་སྟོང་སྡེ"ཉེན་མཁར་འགྲངས་རྩང་གཉིས"ཞེས་གསལ་བ་གཞིར་བཞག་ནས་གཡས་རུའི་ཡུལ་དག་ལ་མུ་མཐུད་དུ་དཔྱད་ཚེ། གོང་གསལ་ཉེན་མཁར་ཞེས་བྱ་བའི་ཡུལ་དེ་ཡང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་ལ་གནས་ཡོད་པ་རིགས་པས་དཔགས་ནུས་ལ"སྟག"དང"འབྲོག"ཅེས་པའི་ཡུལ་དེ་ཡང་ངེས་པར་གཙང་གཡས་རུའི་ཁོངས་སུ་གནས་ཡོད་པ་དཔགས་ནུས། དེ་ལྟར་བརྗོད་པའི་རྒྱུ་མཚན་ནི། སྟག་སྐྱ་བོ་ནང་ཚན་ལས་རྟོགས་ལ་སྟག་སྐྱ་བོའི་རུས་སྟག་ཡིན་པ་དང་རུས་སྟག་ལ"འབྲོག"དང"སྟག"ཅེས་གཉིས་སུ་གྱེས་པ་བཅས་ཀྱི་དབྱེ་ཞིབ་བརྒྱུད་ད་གཟོད་ང་ཚོས་སྟག་དང་འབྲོག་ཅེས་པའི་ཡུལ་དེ་གཉིས་ངེས་པར་གཙང་གཡས་རུའི་ཕྱོགས་སུ་ཡོད་པ་གཏན་ལ་འབེབས་ནུས།
    དོན་དངོས་ཐོག་གཙང་གཡས་རུར་ཡུལ་དེ་གཉིས་ངོས་གཟུང་ནུས་པ་ཡིན་ཏེ། དེང་གི་བོད་ལྗོངས་རྣམ་གླིང་རྫོང་ཁོངས་གྲགས་ཅན་བོན་གནས་ངོ་མཚར་ཅན་རུ་ལག་གཡུང་དྲུང་གླིང་གི་ཁ་སྤྲོད་དུ་གནས་པའི་སྟག་གྲུ་ཁ་བྱ་བའི་ཡུལ་དེའི་ཕུ་ལ་སྟག་བྱ་བ་དང་དེའི་ནུབ་ངོས་སུ་གནས་པའི་ཡུལ་ལ་འབྲོག་ཅེས་དུས་ད་ལྟའང་མིང་དེ་ལྟར་འབོད་པ་ཡིན་འདུག དེ་བས་ངོ་མཚར་བ་ཞིག་ལ་ཡུལ་དེ་གཉིས་ཀྱི་བར་དུ་རི་བོ་ཞིག་གིས་ཆོད་པར་རི་བོ་དེར"སྟག་སྐྱ་རི"ཞེས་ཡུལ་དེ་གཉིས་ཀྱི་ཐུན་མོང་གནས་རིར་བརྩིས་སྟེ་དུས་མཆོད་བྱེད་པ་མ་ཟད་ཡུལ་དེ་དང་བོད་ལྗོངས་རྒྱལ་རྩེ་རྫོང་འཁོར་སྟོད་ཤང་གཉིས་འདབས་འབྲེལ་དུ་གནས་ཤིང་ཤང་དེ་གར་སྤུ་རྒྱལ་སྐབས་ཀྱི་བང་སོའི་ཚོགས་ཡོད་པ་བཅས་ཀྱི་དོན་དངོས་ལ་བརྟགས་ན་སྤུ་རྒྱལ་སྐབས་ཡུལ་དེའི་ཁུལ་དུ་རྒྱལ་ཕྲན་གྱི་སྟོབས་ཤུགས་ཤིག་ཆགས་པ་ཤེས་ནུས། དེ་བཞིན"སྟག་སྐྱ་རི"བྱ་བའི་ལྷ་རིའི་སྐོར་ལ་ཡང་དོ་སྣང་བྱ་དགོས་པ་ཡིན་ཏེ། སྔོན་གྱི་རྒྱལ་ཕྲན་སོ་སོར་རང་ཉིད་ཀྱི་རུས་ལྷ་ཆགས་པའི་ལྷ་རི་ཡོད་པའི་ཚུལ་ལས"སྟག་སྐྱ་རི"བྱ་བ་རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོའི་རུས་ལྷ་གནས་པའི་ལྷ་རི་དེ་མིན་ནམ་སྙམ། མདོར་ན་དེ་གཉིས་དབར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་མཐོང་ཐུབ།
    ཡུལ་དེ་གཉིས་ངོས་གཟུང་ཐུབ་པ་ལས་ང་ཚོར་གནད་དོན་མི་ཉུང་བ་ཞིག་ར་སྤྲོད་བྱེད་ནུས་པ་ཡིན་ཏེ། གཅིག་ནས"ཟིང་པོ་རྗེ་སྟག་སྐྱ་བོ"ཞེས་པའི་མིང་དེ་རུས"སྟག"ཡིན་པའི་རྗེ་བོ་ཞིག་གི་མིང་ཡིན་ལ། རྗེ་བོ་དེའི་བྱོན་ཡུལ་ནི་གཙང་གཡས་རུའི"སྟག"བྱ་བའི་ཡུལ་འདི་ཡིན་ངེས་གཤིས། ཡང་སྒོས་སུ་སྟག་རི་གཉན་གཟིགས་སྐབས་ཉེན་ཀར་རྙིང་བ་ན་སྟག་སྐྱ་བོ་བཞུགས་ཞེས་པའི་ཉེན་ཀར་རྙིང་བ་དེ་གཙང་གཡས་རུ་ཡིན་པ་རྟོགས་ཐུབ། གཉིས་ནས་ཉེན་ཀར་བྱ་བའི་ས་གནས་ལ་ངོས་འཛིན་གསར་པ་ཞིག་བྱེད་ཐུབ་པ་ཡིན་ཏེ། སྟག་སྐྱ་བོ་གཙང་གཡས་རུ་ནས་བྱོན་པ་ལས་ཁོང་གིས་བཙུགས་པའི་རྒྱལ་ཕྲན་དེ་གཙང་ཁུལ་དུ་ཆགས་པ་ཞིག་ཡིན་ཞིང་ཆབ་སྲིད་ཀྱི་ལྟེ་བ་ཉེན་ཀར་རྙིང་པར་བྱེད་པ་དང་དུས་ཕྱིས་སྤུ་རྒྱལ་གྱིས་ཉེན་མཁར་སྟོང་སྡེར་བཅོས་པ་བཅས་ཀྱི་ཐོག་ནས་ཉེན་ཀར་ཞེས་པ་ཐོག་མར་སྟག་སྐྱ་བོ་གནས་པའི་གཙང་གི་ཡུལ་ཕྲན་ཞིག་གི་མིང་ཡིན་ལ་གནས་དེར་སྟག་སྐྱ་བོའི་འཁོར་འབངས་དང་ཕོ་བྲང་བཅས་གནས་པས་ཕྱིས་སུ་སྤུ་རྒྱལ་བཙན་པོའི་བཞུགས་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་བས་ཉེན་ཀར་ནི་ཡུལ་སྟག་དང་བར་ཐག་ཉེ་བར་གནས་ཡོད་པ་གོང་གསལ་གཡས་རུའི་སྟོང་སྡེའི་ནང"ཉེན་མཁར་དང་འགྲངས་རྩང་གཉིས།" ཞེས་གསལ་བ་ལས། འགྲངས་རྩང་བྱ་བ་ལོ་རྒྱུས་འབྲི་པ་པོས་ཡིག་མཇུག་ལྡོག་པ་ཞིག་ཡིན་ཏེ། དོན་དུ་རྩང་འགྲང་ཞེས་པའི་ཡུལ་དེར་གོ་བ་ཡིན། རྩང་འགྲང་ནི་སྲོང་བཙན་སྐབས་རུ་གནོན་ལྷ་ཁང་གི་ནང་ཚན་རྩང་འགྲམ་བྱེ་མའི་ལྷ་ཁང་བཏབ་པའི་ཡུལ་དེ་རང་ཡིན་ཞིང་། ཡུལ་དེ་དེང་གི་བོད་ལྗོངས་རྣམ་གླིང་རྫོང་ཨེ་མ་སྒང་གི་ནུབ་ཕྱོགས་སུ་ཆགས་ཡོད། དེ་ལྟར་ན་ཉེན་མཁར་སྟོང་སྡེ་དང་རྩང་འགྲང་གཉིས་བར་ཐག་ཉེ་བ་ཞིག་ཡིན་པས་གཡས་རུའི་སྟོང་སྡེས་དེ་གཉིས་ཐབས་ཅིག་ཏུ་གཡས་རུའི་སྟོང་སྡེར་བཅད་པའི་ཚུལ་དེ་བྱུང་བར་སེམས། གསུམ་ནས་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁོངས་རྒྱ་ཁྱོན་སྐོར་ལ་ཀུན་གྱིས་ཁས་འཆེས་པར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁོངས་ནི། སྐྱིད་ཆུའི་བྱང་ཕྱོགས་སུ་གནས་པའི་འཕན་པོ་ཁུལ་དང་ཉེ་འཁོར་གྱི་ཡུལ་དག་ལ་མངའ་མཛད་པར་བཞེད། འོན་ཀྱང་ཏུན་ཧོང་ཡིག་རྙིང་ནང་སྟག་རི་གཉན་གཟིགས་སྐབས་བོད་དབུས་གཙང་ཁུལ་དུ་རྒྱལ་ཕྲན་སྟོབས་ཆེ་བ་གསུམ་དྲངས་པ་ལས་སྟག་སྐྱ་བོ་འཕན་ཡུལ་ངས་པོ་དབང་བའི་གཏམ་མེད་པ་མ་ཟད་དེ་ལས་ལྡོག་སྟེ་ཉེན་ཀར་རྙིང་པ་ནི་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། ཞེས་ཞལ་གསལ་བར་བསྟན་ཡོད་པ་མ་ཟད། གཏམ་དེ་ལས་གསལ་བ་ནི། ཟིང་པོ་རྗེ་སྟག་སྐྱ་བོའི་སྲིད་ཀྱི་ལྟེ་གནས་སྔོན་གྱི་ཡུལ་ཉེན་ཀར་བྱ་བ་དེ་ཡིན་པ་དང་ཡུལ་དེའི་གོང་དུ་དབྱེ་ཞིབ་བྱས་པ་ལྟར་གཙང་གཡས་རུར་ཆགས་ཡོད་པ་ཞིག་ཡིན་པར་བརྟེན། ཏུན་ཧོང་ཡིག་རྙིང་ནང་འཁོད་པའི་ཟིང་པོ་རྗེ་སྟག་སྐྱ་བོ་བྱ་བའི་མངའ་ཁོངས་འཕན་ཡུལ་དུ་མེད་པ་རྟོགས་ཐུབ། འོན་ཀྱང་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁོངས་དེ་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་པ་གོང་གསལ་ཏུན་ཧོང་ཡིག་རྙིང་ལས་མཐོང་ཐུབ་པ་མ་ཟད་ཕྱིས་ཀྱི་སྟོད་ལུང་མཚུར་ཕུའི་རྡོ་རིང་ཡི་གེ་དང་ཉེན་ཀར་ལྕང་བུར་གུང་རྟོན་བཀུམ་པའི་བྱུང་བ་ལས་སྟག་སྐྱ་བོར་མངའ་བའི་ཉེན་ཀར་གྱི་ས་ཁོངས་དེ་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པ་རྟོགས་ནུས་ལ་དེའི་མངའ་ཁོངས་ནི་དེང་གི་བོད་ལྗོངས་གཞིས་རྩེ་ས་གནས་རྣམ་གླིང་རྫོང་ཨེ་མ་སྒང་ནས་ཤར་ཕྱོགས་ཀྱི་སྙེ་མོ་རྫོང་དང་སྟོད་ལུང་གི་ནུབ་བྱང་མ
    ཚུར་ཕུའི་བར་གྱི་སའི་སྐོར་རྣམས་མངའ་འོག་ཏུ་བཅུག་ཡོད་པས་ཉེན་ཀར་གྱི་ཡུལ་དུ་སྦྱར་བའི་ཐ་སྙད་འདི་བཞིན་དུས་ཕྱིས་ཀྱི་ཡིག་ཚང་ནང་དབུ་གཡས་གཉིས་ཀར་ཐོན་པའི་ཚུལ་འདི་བྱུང་བར་སེམས།
    མདོར་ན་སྟག་རི་གཉན་གཟིགས་སྐབས་དེང་གི་འཕན་ཡུལ་དང་ལྷ་ས་ཁུལ་གྱི་ཡུལ་ལུང་དག་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་བཟུང་ཡོད་པ་དང་སྟོད་ལུང་ནུབ་བྱང་དང་རྣམ་གླིང་ཨེ་མ་སྒང་ཚུད་པའི་ཡུལ་ལུང་དག་ཟིང་པོ་རྗེ་སྟག་སྐྱ་བོས་བཟུང་ཡོད་པ་བཅས་ཀྱི་ཐོག་ནས་སྟོབས་ཆེ་བའི་རྒྱལ་ཕྲན་གྱི་ཁོངས་སུ་བཞག་པ་ཞིག་ཡིན་པ་གོ་ཐུབ། དེ་རྗེས་འཕན་ཡུལ་དུ་གནས་པའི་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་ཐོག་མར་སྟག་སྐྱ་བོའི་ཡུལ་དང་དེ་ནས་ཡེ་རབ་སྡེ་བཞི། ཀླུམ་ཡ་གསུམ་བཅས་རིམ་བཞིན་མངའ་འོག་ཏུ་བཀུག་སྟེ། མངའ་ཁོངས་ཆེན་པོར་བསྐྱེད། འོན་ཀྱང་ཁྲི་པངས་སུམ་གྱིས་རྒྱལ་ཕྲན་གཞན་གྱི་མི་སྡེ་དག་དབང་དུ་འགུག་ནུས་ཀྱང་སྲིད་དབང་སྲ་བརྟན་དེ་ཙམ་མ་བྱུང་བས་སྤུ་རྒྱལ་བཙན་པོས་དམག་ཐེངས་གཅིག་དྲངས་པ་ཙམ་གྱིས་ཁ་འཐོར་དུ་སོང་བ་བཅས་སྐབས་དེའི་རྒྱལ་ཕྲན་སྟག་སྐྱ་བོའི་གནས་ཡུལ་དང་སྔ་ཕྱིའི་འཕེལ་འགྲིབ་ཀྱི་ལོ་རྒྱུས་དོན་དངོས་བཅས་དེ་ཙམ་གྱིས་འཐུས་པར་འདོད་དོ། །

No comments: