༡༽ ཅི་ཞིག་ལ་དགག་སྒྲུབ་རྩོམ་རིག་ཟེར། དེའི་དབྱེ་བ་དང་འབྲི་ཐབས་ཇི་ལྟར་ཡིན། རྩ་བའི་ཆ་རྐྱེན་གསུམ་སོགས་ཀྱི་ཐོག་གང་རྒྱས་ཕྲིས།
ལན། དགག་སྒྲུབ་རྩོམ་ཡིག་ནི་དགག་ཕྱོགས་དང་སྒྲུབ་ཕྱོགས་དགག་སྒྲུབ་ཟུང་འབྲེལ་གྱི་ངང་ནས་བརྗོད་བྱ་གང་ཞིང་འབུར་དུ་ཐོན་པའི་ཐོག་ནས་བརྗོད་བྱེད་ཚིག་གི་ཀློག་པ་པོ་སེམས་འགུག་ཐེབས་པའི་རྩོམ་རྩལ་ཞིག་ལ་ཟེར། ཡང་ན། གཞན་གྱི་ལུགས་དགག་ཅིང་རང་ལུགས་སམ་ལྟ་ཚུལ་འཐད་ལྡན་དུ་སྒྲུབ་པའི་རྩོམ་གྱི་རིགས་ལ་དགག་སྒྲུབ་རྩོམ་ཡིག་ཟེར། ལ་ལས། རྒྱུ་མཚན་བཀོད་ནས་གཞན་ལུགས་དགག་ཅིང་རང་ལུགས་འཐད་ལྡན་དུ་འཇོག་པར་བྱེད་པའི་རྩོམ་ཡིག་ལ་ཟེར།
དབྱེ་བ་གཅིག་ཏུ་ངེས་པ་མ་མཐོང་ཡང་།
༡༽ དགག་ཕྱོགས་ཀྱི་འབྲི་ཐབས།
༢༽ སྒྲུབ་ཕྱོགས་ཀྱི་འབྲི་ཐབས།
༣༽ དགག་སྒྲུབ་ཟུར་འབྲེལ་གྱི་སྒྲུབ་ཐབས་བཅས་གསུམ་དུ་ཕྱེ་ཆོག
<<ཤེས་ཡོན་ནི་ནོར་ཀུན་ལས་མཆོག་གོ>>ཅེས་པའི་བརྗོད་བྱ་བཟུང་ནས་དགག་སྒྲུབ་རྩོམ་ཡིག་དཔེ་མཚོན་ཙམ་ནི།
འདོད་རྒུ་འབྱོར་བའི་གསེར་གྱི་ས་གཞི་ལས། །
ལྕགས་དང་གསེར་སོགས་རིན་ཆེན་གང་བྱུང་ཡང་། །
རིན་ཐང་བྲལ་བའི་དངོས་པོ་ཤེས་ཡོན་ནི། །
ཇི་ཙམ་དཔྱད་ཀྱང་རིན་བྲལ་ནོར་བུ་ཞིག། །
སྲིད་པའི་འཁོར་བ་ནོར་གྱིས་རི་སྤུངས་ཀྱང་། །
ཤེས་ཡོན་ནོར་ལ་ནོར་གཞན་འགྲན་པ་མེད། །
ནོར་རྣམས་ནང་ནས་ཀུན་ལས་མཆོག་ཅེས་གསུང་། །
དགོས་འདོད་ཀུན་འབྱུང་ནོར་ནི་ཤེས་ཡོན་ནོ། །
ཞེས་ཤེས་ཡོན་ནི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན་པ་མཁས་པའི་གསུངས་ཚིག་ལོངས་སུ་སྤྱད་ནས་ཚིགས་སུ་བཅད་པ་འདི་སྔོན་དུ་དྲངས་ནས། དེ་ཡང་ཤེས་ཡོན་ནི་དཔལ་འབྱོར་སོགས་ནོར་གཞན་ལས་ཆེས་གལ་ཆེ་བའི་སྐོར་རྒྱ་མཚོ་ལས་གཏིང་ཟབ་པ་དང་རི་བོ་ལས་དཔངས་མཐོ་བའི་གནས་ལུགས་དུ་མ་ཞིག་ཡོད་པ་ལས་རྩྭ་རྩེའི་ཟིལ་བ་ཙམ་བརྗོད་ཀྱི་མདུན་པ་སྐྱེས་སོང་།
སྤྱིར་ས་གོ་ལ་འདིའི་སྟེང་རིན་ཐང་བྲལ་བའི་བྱ་དངོས་ཅི་ཡང་ཡོད་ཀྱང་ཆེས་རིན་ཐང་གཞལ་དུ་དཀའ་བའི་ནོར་བུ་ནི་ཤེས་བྱ་ཡོན་ཏན་ཁོ་ན་ཡིན། ཁྱབ་ཆེ་ས་ནས་བཤད་ན་རྒྱལ་ཁབ་དང་མི་རིགས། སྲིད་དོན་རིག་པ་དང་དམག་དོན་རིག་པ། ཆོས་ལུགས་རིག་པ་དང་ཚན་རྩལ་རིག་པ། དཔལ་འབྱོར་རིག་པ་དང་སྐྱེས་དངོས་རིག་པ། རྫས་འགྱུར་གྱི་རིག་པ་དང་གནའ་དེང་གི་རིག་གནས་སོགས་དཔྱིད་ཕྱིན་པ་གོ་རྟོག་དང་འཕེལ་རྒྱས་ཡོང་བ་ཤེས་ཡོན་ལ་རག་ལུས་པ་དང་། ཆུང་ས་ནས་བཤད་ན་ཚོགས་པ་སྐྱིད་སྡུག་ཁག་དང་ཁྱིམ་ཚང་དང་མི་སྒེར་སོགས་ཀྱི་རླབས་ཆེན་གྱི་བྱ་གཞག་ག་འདྲ་ཞིག་སྤེལ་བ་ཡིན་ནའང་ཤེས་ཡོན་མེད་ན་དེ་དང་དེའི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་འདྲ་ཞིག་ཡིན་ན་ལས་དོན་སྤུས་དག་པོ་བསྒྲུབ་མི་ཐུབ་ལ་བྱ་འགུལ་རྣམས་མཐའ་མི་འཁྱོལ།
དཔེ་མཚོན་ཚུལ་དུ་ཞུས་ན། མི་ཞིག་ཤེས་ཡོན་གྱི་དབུལ་པའི་གནས་སྟངས་འོག་ལྷུང་བ་ཡིན་ན་སུས་གང་གིས་དེ་ལ་མགོན་སྐྱབས་དང་དཔུང་གཉེན་བྱེད་པ་ཡོང་མི་སྲིད། ཆུང་ཚགས་རང་གི་མི་ཚེ་ནང་དུའང་དཀའ་སྡུག་གི་འདམ་ཁྲོད་དུ་ལྷུང་ནས་ཚེ་གང་ས་བཀོག་རྡོ་ལོག་དང་དཀའ་ཚེགས་ཅན་གྱི་བྱ་བ་གཉེར་ནས་སྡོད་དགོས་འབྱུང་ལ། ཤེས་ཡོན་གྱི་དབུལ་པས་རང་ལ་མི་ཡི་རིན་ཐང་མེད་ལ་ཚོགས་པ་དང་སྒེར་གང་ལའང་ཁྱེད་ཉིད་ནུས་མེད་ཤི་རོ་དང་གཅིག་ཏུ་མཚུངས་ལྟར་བུ་འགྱུར། རང་ལ་ཤེས་ཡོན་མེད་ཙང་ལས་དོན་ཆེན་པོ་རིགས་གཏན་ནས་གཉེར་མི་ཐུབ། ཤེས་ཡོན་མེད་པའི་མི་རྣམས་ནི་སྤྱི་ཚོགས་ཀྱི་གད་སྙིགས་ལྟར་བུ་ལས་མ་འདས། རྒྱུ་མཚན་ནི་ཤེས་ཡོན་གྱི་ལས་དོན་གལ་ཆེ་ཅི་རིགས་བྱ་རྒྱུ་ཡོད་པ་དེ་དག་གི་ལམ་འགག་དེ་རང་ལ་འགག་ཚར་བ་རེད། རང་ལ་ཤེས་ཡོན་མེད་ན་ཤེས་ཡོན་དང་འབྲེལ་བའི་ལས་དོན་གང་ལའང་རང་མིག་ལོང་བ་ཡིན་པས་ཤེས་ཡོན་དང་འབྲེལ་བའི་ལམ་ཁ་དེ་ནས་ཤར་སྐྱོད་བྱེད་མི་ཐུབ། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ཤེས་ཡོན་ནི་རང་གི་མི་ཚེ་འོད་མདངས་སྦྱིན་མཁན་དེ་ཡིན་ལ་རང་ཉིད་ཀྱི་འདོད་དོན་གང་ཡོད་ལྷུན་གྲུབ་བྱེད་བཅུག་མཁན་དེ་ཡིན་པས། དེ་ལ་འཇིག་རྟེན་ཁ་དཔེར་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་འབོད་ན་ཅི་ཡང་མི་འགྲིག་རྒྱུ་མེད། ཤེས་ཡོན་ནི་ཆེས་མེད་དུ་མི་རུང་བའི་རང་གི་དཔྲལ་བའི་ངོས་སུ་ཁྲ་ཀོང་ཀོང་དུ་ཡོད་པའི་མིག་རུལ་གཉིས་དང་གཅིག་ཏུ་མཚུངས། མིག་མེད་ན་ས་ཕྱོགས་གང་དུ་འགྲོ་བསྐྱོད་མི་ཐུབ་པ་ལྟར་ཤེས་ཡོན་མེད་ན་ལས་དོན་གང་ཡང་བསྒྲུབ་མི་ཐུབ་ལ་རང་ཉིད་འདོད་པའི་དོན་ཅི་ཡང་འགྲུབ་མི་ཐུབ། དེ་འདྲ་སོང་ཙ་ན། ཤེས་ཡོན་ནི་ལས་དོན་ག་འདྲ་ཞིག་ལམ་ལྷོང་དང་ཧ་ཅང་ཡག་པོ་ལེགས་སྒྲུབ་ཡོང་བའི་སྒོའི་ལྡེ་མིག་ལྟ་བུ་ཡིན། ལྡེ་མིག་མེད་ན་ཁང་པའི་སྒོའི་ནང་འཛུལ་མི་ཐུབ་པ་སོང་ལྡེ་མིག་ནི་ཆེས་གལ་ཆེའོ། ལྡེ་མིག་ནི་ཤེས་ཡོན་ནོ། །
ཤེས་ཡོན་མེད་པའི་ལྡོག་ཕྱོགས་ནས་བརྗོད་ན། རང་ལ་ཤེས་ཡོན་མེད་གཤིས་རང་ལ་སྡུག་བསྔལ་ལྷག་པ་གཅིག་འབྱུང་། རང་ལ་ཤེས་ཡོན་གྱིས་དབུལ་པས་ནམ་སྔ་ལངས་དང་དགོང་ཕྱིས་ཉལ་གྱིས་ཉིན་མཚན་གཉིས་ལ་མི་འདོད་བཞིན་དུ་ཉིན་ལྟར་ཧ་ཀྱང་དཀའ་ཚེགས་ཆེ་བའི་ལག་ཀ་ཤིན་ཏུ་ལྕི་མོའི་ལས་ལ་འཇུག་དགོས་པ་དེ་རེད། དཔེར་ན་ཞིང་ལས་པ་གཅིག་ལ་ཆ་མཚོན་ན། ཉིན་མོར་ཉི་འོད་ཚ་བོ་འོག་ཏུ་ཞིང་ལས་ཆེད་དུ་ཡར་རྒྱུག་རྒྱུག་མར་རྒྱུག་རྒྱུག་དང་། སྐབས་རེ་ཆར་བའི་འོག་ཏུ་རྐང་ལག་ཚང་མ་འདམ་བག་ངང་ཞིང་ཁ་ནང་འཛུལ་ན་ཞིང་ལས་བྱེད་དགོས། ཚ་བའི་སྡུག་བསྔལ་དང་གྲང་བའི་སྡུག་བསྔལ་མི་འདོད་བཞིན་དུ་འཁུར་དགོས་འབྱུང་། ང་ཚ་བ་འདུག་ཅེས་ཡིབ་ས་མེད་ལ་ངའི་ལག་པ་འདམ་བག་གོས་ཀྱིན་འདུག་ཅེས་བྲོས་ས་མེད། ཉི་མས་ལུས་འཚིག ལས་ཀས་ལུས་དཀའ་སྡུག་སྤྲོད། ཁ་ལ་ཆུ་མི་རག རྒྱབ་ལ་དུས་ལོག་ཡག་པོ་གོན་ས་མེད། ལྷོད་ལྷོད་བྱེད་ནས་སྡོད་ཁོམ་མེད། གནམ་ཆུ་མེད་ན་ཞིང་ལས་འབྲས་བུ་མི་འབྱུང་བས་གནམ་ཆུ་འམ་ཆར་པ་མི་འབབ་པའི་སེམས་སུ་སྡུག་བསྔལ། ཆར་པ་འབབ་ཆེ་ན་ལོ་ཏོག་རུལ་བའི་སྡུག་བསྔལ། ཞིང་ལས་ལོ་ཏོག་མ་རག་པའི་སྡུག་བསྔལ། རག་ཀྱང་རིན་གོང་མཐོན་པོའི་དཔལ་འབྱོར་ཡག་པོ་མི་རག་པའི་དཀའ་བསྔལ། དེ་འདྲ་སོང་ཙ་ན་རང་ལ་ཤེས་ཡོན་མེད་ན་སྡུག་བསྔལ་དེ་དག་རང་ལ་མི་འདོད་བཞིན་དུ་མགོ་ཐོག་ཏུ་རང་དབང་མེད་པ་བབས་འོང་གི་ཡོད། དེ་མཚུངས་སུ་ཟ་ཁང་གི་སྦྱིན་བདག་དང་ལས་མི་སོགས་ལའང་དེ་འདྲའི་སྡུག་བསྔལ་ཡོད། ཤེས་ལྡན་པ་ཞིག་ལ་དེ་འདྲའི་སྡུག་བསྔལ་གཏན་ནས་མེད་ཅེས་ཁ་ཚོན་བཅད་ནས་སྨྲ་བ་སྤོབས། དེས་ན་ཤེས་ལྡན་པ་ཞིག་ཅི་འདྲ་བྱ་དགོས་ཞེས་ན།
ཤེས་ཡོན་ནི་སྲིད་པ་འཇིག་རྟེན་འདིའི་ནོར་ཀུན་ལས་མཆོག་ཡིན་པ་ཡང་མཁས་པའི་གསུངས་དང་སྦྲེལ་ནས་ཞུས་ན། དེ་ཡང་བཀའ་གདམས་གོང་མ་ཚོས། ཐོས་པ་རྐུན་པོ་ལ་སོགས་པས་མི་ཁྱེར་མི་ནུས་པས་ནོར་གྱི་མཆོག་ཀྱང་ཡིན་ཏེ། འཇིག་རྟེན་གྱི་ནོར་རྣམས་ལ་ནི་རྐུན་མས་ཁྱེར་བ་དང་། དགྲས་འཕྲོག་པ་སོགས་ཡོད་ཀྱང་ཐོས་པ་སོགས་འཕགས་པའི་ནོར་བདུན་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནི་རྐུ་ལ་ཤོར་བ་སོགས་མི་སྲིད་ལ་དེ་རྐུན་ཤོར་ཡོང་བསམ་པའི་སྡུག་བསྔལ་གཏན་ནས་མི་འབྱུང་། དེ་བཞིན་དུ་ནོར་གཞན་རྣམས་གནས་གཞན་དུ་འགྲོ་ན་ཡང་ཁྱོག་མི་ཁྱོག་གི་དཀའ་ངལ་ཆེ་ཡང་ཤེས་ཡོན་ནི་རང་གི་རྒྱུད་ལ་འཇགས་སྡོད་པ་སོང་དཀའ་ངལ་དེ་དག་སྤུ་ཙམ་མེད། དེས་ན་ཤེས་ཡོན་ནི་འཇིག་རྟེན་འདི་ཞི་བདེ་སྐྲུན་བྱེད་ཀྱི་ལག་ཆ་ཉག་ཅིག་ཡིན་པ་༧གོང་ས་མཆོག་གིས་བཀའ་སློབ་གནང་ཡོད།
དེ་དག་མི་ཡོང་བ་བཟོ་དགོས་ན་ཤེས་ཡོན་སྦྱོང་དགོས་ལ་ཤེས་ཡོན་ལྡན་པའི་མི་གཅིག་བཟོ་དགོས། ཤེས་ཡོན་ཡོད་པའི་མི་དེ་ལ<< ཤེས་ལྡན་པ་>>ཟེར། གལ་སྲིད་རང་ཤེས་ལྡན་པ་གཅིག་བཟོ་དགོས་ན་ཤེས་ཡོན་སྦྱོང་དགོས་ལ་ཤེས་ཡོན་ལ་རིན་ཐང་ཡོད་པ་དེ་ཤེས་དགོས། དེས་ན་རང་གི་ཤེས་ཡོན་གྱི་ཆུ་ཚོད་ག་ཚོད་ཡོད་མེད་དེ་ཤེས་འོང་། ཤེས་ལྡན་གཅིག་བྱེད་དགོས་ན་ཐེམ་པ་རིམ་འཛེགས་ཀྱིས་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱ་དགོས། གལ་སྲིད་བརྩོན་འགྲུས་ཀྱི་སྐྱ་བ་ལ་མ་བརྟེན་ན་བགྲོད་པའི་རྒྱ་མཚོའི་ཕར་མཐར་ནམ་ཡང་སོན་མི་ཐུབ་པ་སོང་ཙ་ན། ཤེས་ཡོན་གྱི་གོ་འཕང་རྙེད་པའི་ཤེས་ལྡན་པ་གཅིག་རྣལ་མ་ཆགས་པ་ལ་བརྩོན་འགྲུས་ཀྱི་སྐྱ་བ་ནམ་ཡང་ལྷོད་ཐབས་མེད་པ་དེ་རེད། གལ་སྲིད་ཁྱེད་རང་ཤེས་ལྡན་པ་གཅིག་ཆགས་པ་ཡིན་ན། ཤེས་ལྡན་པ་ནི་འཛམ་གླིང་གི་དབུ་ཁྲིད་དང་། སྤྱི་ཚོགས་ཀྱི་སྣེ་མོ་ཁྲིད་མཁན་གཅིག་ཡིན་པས་སྤྱི་ཚོགས་ཀྱི་འཁོར་ཡུག་སྤུས་དག་པོ་དང་། ཞི་བདེ་དང་འཆམ་མཐུན། སྤྱི་ཚོགས་བདེ་འཇགས། འཚོ་བ་བག་ཕེབས་ངང་སྐྱེལ་བའི་ལམ་སྣེ་འཁྲིད་ཐུབ། ཁྱེད་ཉིད་ཤེས་ལྡན་པ་ཡིན་པས་ཁྱེད་ལ་ཆེས་དམིགས་བསལ་གྱི་རིན་ཐང་བླ་ན་མེད་པ་ཞིག་ཆགས་འགྲོ། ཁྱེད་ཉིད་རིན་བྲལ་མི་ཞིག་ཆགས་དོན་ནི་རང་གི་རྒྱུད་ལ་ཡོད་པའི་ཤེས་ཡོན་དེ་ཁོ་ན་ལ་རག་ལུས་ཡོད། དེ་ལྟར་ཡིན་པ་ཡང་། འཛམ་གླིང་གི་དབུ་འཁྲིད་དམ་པ་བདག་ཉིད་ཆེན་པོའི་གྷན་དྷི་དང་། ས་སྡི་མ་ཀྲ་ལ། མ་རྡ་ཀྲ་རི་སི། ༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་ཅེས་རེད།
ཤེས་ཡོན་ནི་འཛམ་གླིང་འདིའི་མི་དུང་ཕྱུར་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་ཤེས་ཡོན་ནུས་འཐུས་ནི་ཆེས་ཚེ་དཔག་དཀའ་བ་ཞིག་རེད། དེ་ཡང་༧གོང་ས་མཆོག་གིས་ཤེེས་ཡོན་འཛམ་གླིང་ནི་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་བསྐྲུན་བྱེད་ཀྱི་ས་བོན་ཡིན་གསུངས། དེ་དང་དེ་ལ་སོགས་མཁས་པའི་ཞལ་གཅིག་གྲགས་ཀྱི་གསུངས་བྱིན་ཅན་མང་དུ་མཆིས་སོ།།
མཐའ་དོན་ངའི་ཇི་ཙམ་དཔྱད་ཀྱང་ཤེས་ཡོན་ནི་ནོར་ཀུན་ལས་གལ་ཆེ་མཐོང་གི་འདུག དཔལ་འབྱོར་ལ་སོགས་ནོར་གཞན་ལྡན་པའི་མི་ཞིག་ཡིན་ན་དེ་ལ་ཤེས་ཡོན་ཡོད་པའི་མི་དེ་ལས་སྡུག་བསྔལ་ཆེ་བ་ཡོད། རང་གི་མི་ཚེ་གཅིག་གི་ཁྱིམ་ཐབ་ཡིན་ནའང་ཡིད་ཆེས་བློ་འཁེལ་མེད་པ་དང་། ངའི་དཔལ་འབྱོར་དེ་ག་དུས་རྐུན་འཕྲོག་བྱ་འོང་སྙམ་པ་དང་། ཕན་ཚུན་བརྩེ་སེམས་དང་ཡིད་ཆེས་ཧ་ཀྱང་དཀའ་བ་སོགས་གནས་ལུགས་མང་པོ་དང་དངོས་བྱུང་སྒྲུང་རིགས་མང་པོ་བྱུང་དང་འབྱུང་གིན་ཡོད། དེས་ན་བསྡོམས་ཤིག་རྒྱག་ན་བཀའ་གདམས་གོང་མས། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ། ཅེས་གསུངས་པ་བཞིན་ཤེས་ཡོན་ནི་ནོར་ཀུན་ལས་མཆོག་ཡིན་པ་དང་རྐུན་མ་སོགས་ཀྱི་དུས་ནམ་ཡང་འཁྱེར་མི་ཐུབ་གཤིས་ཤེས་ཡོན་ནི་དཔལ་འབྱོར་སོགས་ནོར་ཀུན་ལས་གལ་ཆེ་བ་ཡིན་ནོ། ། དེ་འདྲ་སོང་ཙ་ན། ཤེས་ཡོན་ལ་འབད་པར་གྱིས་ཤིག་ཀྱེ་སྙིང་ནས་བསྐུལ་ལོ །། །།
1 comment:
ཧ་ཅང་ལེགས་
Post a Comment