Thursday, November 28, 2019

བོད་མི་ཨ་རིར་གནས་སྤོས་བྱེད་པ་དེ་རིག་གཞུང་གི་གྱོང་རྒུད་ཅིག་ཡིན།

བོད་མི་ཨ་རིར་གནས་སྤོས་བྱེད་པ་དེ་རིག་གཞུང་གི་གྱོང་རྒུད་ཅིག་ཡིན།

བོད་མི་ཨ་རིར་གནས་སྤོས་བྱེད་པ་དེ་རིག་གཞུང་གི་གྱོང་རྒུད་ཅིག་ཡིན།
རྒྱལ་བའི་ལུང་ཟིན་ཁ་བ་རིག་པར་བཙན་པོའི་གདོང་རྒྱུད་བྱུང་ན་ཡང་། ། 
ང་དགུ་ལོ་ཡི་རླུང་འཚུབ་གཅིག་གིས་བོད་རིགས་སྤུན་ཟླ་ཕྱོགས་དགུ་གཏོར། །
ངེས་མེད་ཀུན་ལ་འཁྱམས་ཉུལ་བྱེད་པའི་བོད་རིགས་སྤུན་ཟླའི་སྐྱོ་གར་འདི། །
བསམ་ཞིང་བསམ་ན་ལས་དབང་འདི་ནི་ཅི་འདྲའི་སྐྱོ་ཞིང་ཡ་ང་ལ། ། 
ཞེས་སྐྱོ་ངལ་གྱི་ཚིགས་སུ་བཅད་པ་འདི་སྔོན་དུ་དྲངས་ནས་གང་བརྗོད་པ་བྱ་བ་ནི་བོད་མི་ཨ་རིར་གནས་སྤོས་བྱེད་པ་དེ་རིག་གཞུང་གི་གྱོང་རྒུད་ཅིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བསམ་ཚུལ་ཐུང་ངུ་ཞིག་ཞུ་ན་འདོད། དེ་ཡང་རྩ་བའི་ས་བཅད་གསུམ་ཐོག་ཞུ་ན་དགེ་མཚན་ཆེ་བ་མཐོང་། 
དང་པོ། ཤེས་རིག 
གཉིས་པ། གཞིས་ཆགས། 
གསུམ་པ། རིག་གཞུང་བཅས་རྩ་བའི་ས་བཅད་གསུམ་དུ་ཕྱེ་ཆོག 

དང་པོ། ཤེས་རིག་གལ་ཆེན་གཟིགས་པ། 
དེ་ཡང་སྤྱི་ལོ་༡༩༥༩ལོ་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་ནས་༧རྒྱལ་བ་དོན་གྱི་བདག་པོ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཡི་ཤེས་སྤྱན་གྱིས་གཟིགས་ནས་དང་ཐོག་བོད་པའི་ན་གཞོན་རྣམས་ལ་ཤེས་ཡོན་སྤྲོད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་གཟིགས་ནས་ཤེས་ཡོན་སྦྱོང་སའི་སློབ་གྲྭ་ཁག་གསར་འཛུགས་བྱས་ཡོད། བོད་པའི་ན་གཞོན་རྣམས་རྒྱ་གར་གྱི་ན་གཞོན་ལྷན་དུ་རྒྱ་གར་གྱི་སློབ་ཆུང་དང་སློབ་འབྲིང་དང་། མཐོ་སློབ་སོགས་བསྐྱེད་ཆོག་པ་དེ་དུས་རྒྱ་གར་གྱི་སྲིད་བློན་ནེ་རུ་ཡིས་ཞལ་བཞེས་མཛད་ཀྱང་དེ་ལས་ལོགས་སུ་བོད་རིགས་ཁེ་གཙང་ཤེས་རིག་གི་མེ་ཏོག་འཁྲུངས་ས་བོད་མི་འདུས་སྡོད་ཀྱི་ས་གནས་གང་སར་སློབ་གྲྭ་མང་དུ་བཙུགས་ཆོག་པའི་གནང་བ་ཐོབ་པ་ལྟར་རིམ་བཞིན་སློབ་གྲྭ་ཁག་འཛུགས་རྒྱུའི་ཤུགས་གནོན་རྒྱག་ཡོད། རྒྱུ་མཚན་ནི་མ་འོངས་མི་རིགས་ཤིག་འཛམ་གླིང་སྒང་དུ་གནས་དགོས་ན་མི་རིགས་དེའི་སྐད་དང་ཡི་གེ་གཅེས་འཛིན་བྱ་རྒྱུ་དང་དེང་རབས་འཛམ་གླིང་གི་གར་སྟེགས་འཛེག་དགོས་ན་དེང་རབས་ཀྱི་ཤེས་ཡོན་དགོས་གལ་ཆེ་བས། དེང་རབས་ཀྱི་སློབ་སྦྱོང་བྱེད་ས་སློབ་གྲྭ་འཛུགས་པ་གལ་ཆེན་བརྩི་ཡོད། དེ་ཡང་ཡིན་ཏེ་མ་འོངས་བོད་མི་རིགས་ཀྱི་རྐང་འཛིན་མཁན་མ་འོངས་སོན་རྩ་དག་ཡིན་གཤིས་དེ་དག་སྐྱེས་བསྲིངས་གནང་ས་དེ་དག་གནའ་དེང་གི་ཤེས་ཡོན་གྱིས་ཕྱུག་པ་བཟོ་རྒྱུ་དེ་གཉའ་ལ་བབས་པའི་འོས་འགན་ཞིག་གཟིགས་ནས་གནའ་དེང་གི་ཤེས་ཡོན་འཁྲུངས་ས་ཚིགས་ཤིག་འཛུགས་བསྐྲུན་ཡོད། འདི་ནི་༧རྒྱལ་བ་དོན་གྱི་བདག་པོས་མཛད་རྒྱས་བླ་ན་མེད་པ་ཞིག་འཁུམས།


       གཉིས་པ། གཞིས་ཆགས་བགོ་འགྲེམ།
བོད་མི་རིགས་ནི་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་ལྷག་པར་དུ་བཙན་བྱོལ་ནང་བོད་མི་ཕྱེད་ཀའི་ཕྱེད་ཀ་ཙམ་མེད་པས་རྒྱ་གར་མི་མང་དུང་ཕྱུང་མང་པོ་ཡོད་པའི་ཁྲོད་དུ་བྱེ་མ་ནང་ལ་ཆུ་ཐིམ་པ་བཞིན་འགྲོ་ཉེས་ཆེ་བ་གཟིགས་ནས་བོད་མི་རིགས་འཐོར་ཞིག་ཏུ་མི་འགྲོ་བ་བོད་མི་ཚང་མ་འདུས་སྡོད་བྱ་རྒྱུ་འཆར་འགོད་དང་དེ་ནས་རིམ་པའི་རྒྱུད་གཞིས་ཆགས་ཁག་སོ་སོར་ཆ་བགོས་བྱས་ཡོད། བོད་མི་ཁེ་གཙང་འདུས་སྡོད་བྱེད་སའི་གཞིས་ཆགས་ཁག་འཛུགས་དོན་ནི་བོད་མི་རིགས་རྩ་བརླག་ཏུ་མི་འགྲོ་བ་དང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཆེད་དུ་ཡིན། གཞིས་ཆགས་ཁག་སོ་སོར་ནང་དུ་ཤེས་ཡོན་གལ་ཆེན་གཟིགས་ན་སློབ་གྲྭ་དང་། འཕྲོད་བསྟེན་གལ་ཆེན་གཟིགས་ནས་སྨན་ཁང་སོགས་ཐབས་ལམ་ཡོད་རྒུ་བྱས་ཡོད། 

བོད་མི་འཐོར་ཞིག་ཏུ་མི་འགྲོ་བར་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་གཞིས་ཆགས་འཛུགས་པ་དེ་དག་གལ་ཆེ་ནང་གི་དོན་ཆེན་རྩིས་ནས་སློབ་དཔོན་ཆེན་མོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞིས་ཆགས་སྲ་བརྟན་ཡོང་ཆེད་དཀའ་ལས་འབད་འབངས་དང་ཐབས་ཤེས་ཡོད་རྒུ་རྩལ་དྲུག་གནང་བ་དེ་རེད། འོན་ཀྱང་ཐོག་མའི་དམིགས་ཡུལ་དང་བར་གྱི་རྒྱུད་རིམ་གཞིས་ཆགས་བརྟན་བརླིང་སོགས་བོད་མི་ཨ་རིར་གནས་སྤོས་བྱེད་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་རྣམས་ཡིད་ཀྱི་རྣམ་ཤེས་ངོས་ལ་གདོན་གྱིས་བྱིན་རློབས་ཕོག་ནས་བོད་མི་ཨ་རི་འགྲོ་སྲོལ་ཞིག་ཆགས་ནས་ད་བར་བོད་མི་སྐྱེ་བོ་གནམ་ལྡན་ཀུན་ཨ་རི་འགྲོ་བསམ་པ་མ་གཏོགས་རྒྱ་གར་ན་བཞུགས་ན་བོད་དང་བོད་མི་རིགས་དོན་དུ་སྲི་ཞུ་ཡང་དག་པ་ཞིག་བསྒྲུབ་ཨ་བསམ་པ་ཞིག་འགོ་གཞུང་ཞབས་ནས་དམའ་སྤྲང་པོ་ཡན་ཆད་ལ་མེད་ཟེར་ན་རྫུན་དུ་མི་འགྲོ ། ཨ་རིར་བོད་མི་གནས་སྤོས་བྱེད་པ་དེ་ནས་བོད་མིའི་འདུས་སྡོད་བྱེད་ས་འདྲེའམ་གདོན་ཞུགས་པ་ལྟར་ཕྱི་ལ་འགྲུད་བཞུད་བྱ་རྒྱུ་འགོ་བརྩམས་ཡོད་ལ་ཨ་རི་སོགས་ཡུལ་གྲུ་གཞན་ལ་བོད་མི་གནས་སྤོས་བྱས་པ་དེ་བོད་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་མི་ཐུབ་པའི་རྐྱེན་གཅིག་ཡིན། 
དེ་དག་དང་འདྲེས་ན་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་བཀའ་ཁྲི་འགན་བཞེས་པའི་དུས་སྐབས་སུ་ལས་གཞི་གཞི་རྒྱ་ཆེ་བ་གཅིག་སྤེལ་ཡོད་པ་ནི་གཞིས་ཆགས་བརྟན་བརླིང་རེད། བཙན་བྱོལ་བོད་པ་འདུས་བསྡད་བྱས་གཙོ་བོར་གཞིས་ཆགས་ཡིན་ཞིང་གཞིས་ཆགས་ཁག་སྲ་བརྟན་ཡོང་བ་ན་དེ་ལས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་གསོ་ཆུད་བྱ་རྒྱུ་ལས་སླ་པོ་རེད། གཞིས་ཆགས་སྲ་བརྟན་མེད་ན་སྐུ་ངོ་ཚོས་ཞབས་སྟེགས་རྒྱབ་སྙེས་ཅན་བཞུགས་སུ་གསོལ་ནས་ཁ་ན་ན་དང་ལྕེ་ཚ་ཚ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་བཅས་པ་གལ་ཆེ་ཚུལ་བཤད་པ་ནི་ཆུའི་ནང་དུ་རྟུལ་དྲི་བཏང་བ་དང་གཅིག་མཚུངས་རེད།  

བོད་མི་ཨ་རིར་གནས་སྤོས་བྱས་པའི་ཉེར་ལེན་ལ་བརྟེན་ནས་ད་ཆ་གཞིས་ཆགས་ཤིག་གི་ངོས་ནས་བཤད་ན་དེང་སང་གཞིས་ཆགས་ལ་བཞུགས་མཁན་ཕལ་མོ་ཆེ་བ་རྒས་འཁོགས་དང་ནར་སོན་མ་ཐུབ་པའི་བྱིས་པ་དང་སྤྲང་པོ་རེ་ཟུང་ལས་མེད་ཅེས་བརྗོད་ན་ཅི་ཡང་མི་འགྲིག་རྒྱུ་མེད། དེ་ཡང་ཡིན་ཏེ་ད་ལྟ་ཚོགས་བཞིན་པའི་སྤྱི་མཐུས་ལྷན་ཚོགས་ནང་སྤྱི་མཐུས་ཤིག་གིས་ཚོར་བ་རྣོར་པོའི་གཞིས་ཆགས་ནང་དུ་ན་མ་སོན་པའི་བྱིས་པ་དང་རྒས་འཁོགས་ཙམ་ལས་མེད་པ་ཆགས་དྲགས་ཡོད་པ་དེ་བཀའ་ཤག་གཙོས་འབྲེལ་ཡོད་མི་སྣ་དགོངས་པ་བཞེས་དགོས་སྐོར་གསུངས་སོང་། དེ་ལྟར་ཆགས་དོན་ནི་ཨ་རིར་བོད་མི་གནས་སྤོས་བྱེད་པའི་ནད་གཞི་དེ་རིམ་བཞིན་ཁྱབ་སྤེལ་དུ་ཕྱིན་ནས་བོད་མི་འདུས་སྡོད་བྱེད་སའི་གཞིས་ཆགས་ཁག་སྟོང་ལ་ཉེ། ས་གཞིས་ཁྲིམས་འགལ་གྱི་གཡོ་ཚོང་འབོ་མ་གཏོང་ཡོད་ལ་ས་ཞིང་འདེབས་ལས་བྱེད་མཁན་ནི་ཉིན་མོའི་སྐར་མ་རེད། ས་ཞིང་འདེབས་ལས་གནང་ནས་འཚོ་བ་སྐྱེལ་མཁན་བོད་མིའི་ཁྲོད་ནས་མེད་ཅེས་བརྗོད་ན་འགྲིག དེ་དག་ནི་བོད་མི་ཨ་རིར་གནས་སྤོས་བྱེད་པའི་གྲུབ་འབྲས་དེ་ནི་ངོ་མ་བོད་ཀྱི་རིག་གཞུང་ལ་གྱོང་རྒུད་ཅིག་རེད་ཅེས་བཤད་ཆོག །

གསུམ་པ། རིག་གཞུང་བསྲེད་སླད་ཅན་དུ་འགྱུར་བ། 
གོང་གསལ་བྱུང་བ་དེ་དག་ནི་ཨ་རི་གཙོས་ཡུལ་གྲུ་གཞན་ལ་བོད་མི་གནས་སྤོས་བྱེད་པའི་གྱོང་རྒུད་ཅིག་རེད་ལ་དེའི་ཤུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ལ་གྱོང་རྒུད་ཚབས་ཆེ་ཐེབས་ཡོད། ཨ་རི་སོགས་ནུབ་ཕྱོགས་ས་ཁུལ་ལ་སྐྱེས་པའི་བོད་ཕྲུག་ན་གཞོན་ཡོད་དོ་ཅོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ། བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་ཕལ་མོ་ཆེ་བའི་རྒྱུད་ལ་འཇགས་མེད་ཅེས་བཤད་ཆོག །  བརྒྱ་ཆ་དགུ་བཅུ་བོད་སྐད་མི་ཤེས་ལ་ཤེས་ཀྱང་སྐད་ཡིག་བསྲེད་ལྷད། དེང་སང་ཡོངས་ཁྱབ་ལ་སྦྲགས་སྐད་མ་གཏོགས་བཤད་མི་ཐུབ། འདིའི་སྐོར་གནས་ཚུལ་གསར་ཤོས་ཤིག་ལ་ཉེ་ཆར་འདི་ལོའི་གསུམ་བཅུ་དུས་དྲན་སྐབས་ཨ་རི་ས་གནས་སུ་བུ་མོ་ལོ་གཞོན་གཏམ་བཤད་པ་ཞིག་གིས་ངས་བོད་སྐད་ཡག་པོ་ཤེས་ཀྱིན་མེད། འོན་ཀྱང་གང་ཐུབ་བོད་སྐད་ངེས་ཡིན་ཟེར་ནས་གཏམ་བཤད་ཆ་ཚང་སྦྲགས་སྐད་རྐྱང་བཤད་ནས་བསྡད་སོང་། ཡང་བུ་མོ་ཞིག་གིས་བོད་པའི་བོད་སྐད་བཤད་ཀྱིན་མིན་འདུག བོད་སྐད་བཤད་རོགས་གནང་གི་མིན་འདུག གཞན་སྐད་རྐྱང་རེད་ཅེས་ངུ་སྐད་རྒྱག་ནས་བརྙན་གཅིག་བཟོས་ཡོད། འདི་དག་ནི་བོད་མི་ཨ་རིར་གནས་སྤོས་བྱེད་པའི་ཉེར་ལས་ལས་བྱུང་བ་བདག་གིས་ཁ་ཚོན་བཅད་ནས་བཤད་ཐུབ་བོ།། 

༡༽བོད་སྐད་དང་བོད་ཡིག་མི་ཤེས་པ། ༢༽ མི་རིགས་ཀྱི་ལ་རྒྱ་མེད་པ།
ཨ་རི་སོགས་ཡུལ་གྲུར་འཚར་ལངས་བྱེད་པའི་བོད་ཀྱི་ན་གཞོན་བརྒྱ་ཆ་དགུ་བཅུ་བོད་ཀྱི་སྐད་དང་བོད་ཡིག་མི་ཤེས་པའི་མུན་ནག་གི་མཚན་མོ་ལུས་སྡོད་ཡོད། དེའི་དཔེ་མཚོན་གསར་ཤོག་ནི་འདི་ལོའི་ན་གཞོན་ལྔ་དང་ལྔ་བཅུའི་ཚོགས་འདུ་ལས་གསལ་བོ་ཤེས་ཐུབ། འབུམ་རམས་པ་ཡིན་ནའང་བོད་ཡིག་མི་མཁྱེན་ལ་བོད་སྐད་ཐར་ཐོར་མ་གཏོགས་མི་ཤེས། གལ་སྲིད་བོད་སྐད་བཤད་ཀྱང་སྦྲགས་སྐད་རྐྱང་རེད། དེའི་སྐོར་ཟུར་ཟའི་ཚུལ་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་ཐུང་དང་རྩོམ་ཡིག་རིགས་སྤེལ་བ་དང་མཆན་འགོད་པ་དེ་དག་གིས་ཤུགས་ལས་བོད་མི་ཡུལ་གཞན་ལ་གནས་སྤོས་བྱེད་པ་དེ་བོད་ཀྱི་རིག་གཞུང་ལ་གྱོང་རྒུད་ཅིག་རེད་ཅེས་བཤད་ཆོག  
ད་དུང་སྐད་ཡིག་ཙམ་མ་རེད་ཡུལ་སྲོལ་གོམས་སོགས་དེང་གི་ན་གཞོན་ཁྲོད་དུ་བོད་མིའི་ཡ་རབས་གོམས་གཤིས་མི་ལྡན་ལ་བོད་མིའི་ཡ་རབས་གོམས་གཤིས་ནི་ཆེས་རྗེས་ལུས་དང་ཀླ་ཀློའི་བྱ་སྤྱོད་ཅིག་ལ་ངོས་འཛིན་མཁན་གྱིས་གཞོན་སྐྱེས་བྱུང་མྱོང་ཡོད། དེ་དག་ལ་ངོ་ཚ་འཛིན་ནས་ང་བོད་མི་མིན་ཟེར་བ་དང་། ཕྱག་ཏུ་ཕྲེང་བ་འཁུར་མི་ཕོད་པ་སོགས་ལོ་རབས་གཅིག་གི་ནང་བོད་མིའི་བོད་མི་མིན་རབས་བཤད་དགོས་པའི་དུས་ཤིག་ཤར་ཡོད། རྒྱུ་མཚན་དེ་དག་ལ་༧རྒྱལ་བ་དོན་གྱི་བདག་པོས་ས་ཕྱོགས་གང་དུ་སོང་ཡང་ང་བོད་པ་ཡིན་པ་མ་བརྗེད་པ་བྱ་དགོས་སྐོར་དང་བོད་རིགས་ནི་མི་རིགས་གཞན་དང་མི་འདྲ་བ་སེམས་པ་བཟང་པོ། དྲང་པོ་དང་བསམ་པ་རྣམ་དག གཞན་ཕན་གྱི་བསམ་བློ་ཡོད་མཁན་གཅིག་ཡིན་ཞེས་འཛམ་གླིང་ཀུན་ལ་གསུངས་པས་ད་ཆ་ང་ཚོས་ང་བོད་པ་ཡིན་ཞེས་སྤོབས་པ་སྐྱེས་ཆོག་པ་བཟོས་ཡོད། 
གཞན་ཡང་ཨ་རིར་ལ་གནས་སྤོས་བྱེད་པའི་དགེ་མཚན་ཅུང་ཙམ་ཡོད་པ་དེ་ནི་ཨ་རིར་ལ་གནས་སྤོས་བྱེད་པའི་བོད་མི་དེ་དག་གིས་བོད་དང་བོད་མི་རིགས་ལ་དཔལ་འབྱོར་གྱི་རོགས་རམ་བྱ་ཐུབ་པ་དེ་རེད། བཙན་བྱོལ་གཙོས་བོད་མི་འདུས་སྡོད་བྱེད་ས་སློབ་གྲྭ་ཁག་གི་སློབ་མ་ལ་སློབ་ཡོན་སྤྲོད་པ། ཡ་ང་བའི་ནད་པ་དག་ལ་སྨན་རིན་སོགས་རོགས་རམས་བྱེད་པ། རྒས་འཁོགས་སོགས་ལ་ཕན་པའི་དཔལ་འབྱོར་གྱིས་རོགས་རམ་བྱེད་པ་སོགས་ནི་བོད་མི་ཨ་རིར་ལ་ཕེབས་པའི་གྲུབ་འབྲས་རེད། དེ་དག་ཀྱང་དགོས་ངེས་ཅན་ཞིག་རེད། 
གནོན་པའི་ཆ་ནས་ཞུས་ན་བོད་མི་ཨ་རི་ལ་གནས་སྤོས་བྱས་པ་དེ་ནས་བོད་མི་རྣམས་ཁ་འཐོར་དགུ་འཐོར་དུ་སོང་ཡོད་ལ། ཆིག་སྒྲིལ་གྱི་ནུས་པ་ཕྱོགས་ཅིག་ཏུ་གཏན་ནས་སྤུངས་ཐུབ་མེད། དེ་ནི་གཞུང་གིས་མཛོ་ཞར་བོ་རྩ་ཟ་སྟངས་ཀྱིས་ཕྱག་ལས་ཤིག་གནང་བ་རེད་ཅེས་ལབ་སྙིང་འདོད་བྱུང་།།  དེ་དང་ལྷན་དུ་ཁ་སྣོན་ཅུང་བྱ་འདོད་པ་ནི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཚོགས་བཞིན་པའི་ནང་བཀུར་འོས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་དབུས་བོད་མིའི་སྲི་ཞུ་བ་ལས་བྱེད་དགོངས་པ་ཞུ་ཡའི་རྒྱུ་རྐྱེན་གཙོ་བོ་ནི་ནང་མི་ཟླ་སྒྲིག་སོགས་ཕྱི་རྒྱལ་ལ་འགྲོ་རྒྱུ་གོ་སྐབས་རག་པ་དང་འཕུར་འགྲོ་བ་དེ་རེད་ཅེས་སྡུག་སྐད་ཤོར་དགོས་དོན་ཡང་བོད་མི་ཨ་རིར་གནས་གནས་སྤོས་བྱེད་པ་ལ་བརྟེན་ནས་བྱུང་བ་ངོས་འཛིན་བྱས་དགོས་བྱུང་བ་འདིའོ།། 

       ༢༽ མི་རིགས་ཀྱི་ལ་རྒྱ་མེད་པ།
ཨ་རི་བོད་མིར་གནས་སྤོས་བྱེད་པ་དང་ཡུལ་གྲུ་གཞན་ལ་གནས་སྤོས་བྱེད་པའི་བོད་མི་གཞོན་སྐྱེས་རྣམས་ཀྱི་སྙིང་གི་ཐིག་ལེ་ན་བོད་མི་རིགས་ཀྱི་ལ་རྒྱ་མེད་ལ་བོད་དོན་དེ་བས་མེད། མཐའ་ན་ང་བོད་པ་ཡིན་ཞེས་པའི་བློ་ཙམ་ཡང་སྐྱེས་ཀྱིན་མེད། ཉེ་བའི་ཆར་ཕྱི་རྒྱལ་ཡུལ་གྲུ་ལ་གནས་པའི་བོད་མི་གཞོན་སྐྱེས་ཤིག་གིས་ང་བོད་པ་མིན་ལ་ངའི་བོད་སྐད་ཀྱང་ཤེས་ཀྱིན་མེད། ནང་མིས་བོད་སྐད་བསླབ་མ་སོང་ལ་བོད་པ་དང་བོད་གཞུང་ཟེར་བ་ང་ལ་མེད། ང་ནི་ད་ལྟ་ང་རང་སྡོད་སའི་གཞུང་ལ་དགའ་ཞེན་ཡོད་ཅེས་པ་དེ་རེད། གོང་གི་སྐད་ཆ་འདི་ནི་མིས་རྟོག་བཟོ་མ་ཡིན་པ་ནུབ་ཕྱོགས་ཡུལ་ལ་བཞུགས་པའི་བོད་མི་གཞོན་སྐྱེས་ཀྱི་མགྲིན་པ་གསེབ་ནས་བརྡོལ་བའི་སྐད་ངག་རེད། སྐད་ཆ་འདི་ནི་མཚོན་དོན་ཙམ་ཡིན་ལ་དོན་ལ་འདི་འདྲ་མང་། དེས་ན། ཨ་རི་ཡུལ་ལ་གནས་སྤོས་པ་བྱེད་པ་དེ་བོད་མིའི་རིག་གཞུང་ལ་གྱོང་རྒུད་བླ་ན་མེད་པ་ཞིག་ཐེབས་ཡོད། 

མདོར་དྲིལ་ནས་བརྗོད་ན།
བོད་མི་ཨ་རིར་གནས་སྤོས་བྱེད་པ་བོད་མི་རིགས་ཤིག་གི་སྐད་ཡིག་ངོས་ནས་བཤད་ན་ཨ་རི་གནས་སྤོས་བྱེད་པའི་མི་རབས་རྒན་པ་ཕུད་མི་རིགས་རྗེས་རབས་པ་རྣམས་ཀྱི་བོད་ཀྱི་སྐད་དང་ཡི་གེ་མི་ཤེས་པ། བོད་ཀྱི་སྐད་དང་ཡི་གེ་ནི་ཀླ་ཀློ་གཅིག་གི་སྐད་དང་ཡི་གེ་ལ་ངོས་འཛིན་དང་དེ་སྦྱོང་མཁན་དག་ནི་ཀླད་རྙིང་མཁྲེགས་བཟུང་དང་ཆེས་མུག་ནག་དང་ཆེས་རྗེས་ལུས་ཤིག་ལ་ངོས་འཛིན་གྱིན་ཡོད། བོད་ཀྱི་སྐད་ཡིག་ནི་ཅི་གང་ལའང་ཕན་ཐོགས་མེད་པའི་ཡིག་རིགས་ཤིག་ལ་ངོས་འཛིན་ཐོག་དེ་སྦྱོང་ན་ཐ་ན་ཉིན་རེའི་ཟས་གོས་ཙམ་ཡང་མི་རག་པའི་འདུ་ཤེས་འཛིན་གྱིན་ཡོད། འདུ་ཤེས་དེ་བཙན་བྱོལ་ནང་བོད་རིགས་དམངས་ཁྲོད་དུ་ཡོད་པ་ཞིག་ཡིན། ཕ་མ་འགའ་རེས་བོད་ཡིག་གིས་ཁ་ལག་སྤྲོད་མ་རེད། དེ་ལས་དབྱིག་ཡིག་ཡག་པོ་སྦྱོངས་ཤིག་ཅེས་བསྐུལ་བ་མང་པོ་རེད། 
མི་རིགས་ཤིག་གིས་ཡུལ་སྲོལ་བཟང་པོ་དང་གོམས་གཤིས་བཟང་པོ་ངོས་ནས་བཤད་ན། ཨ་རི་སོགས་ཡུལ་གནས་ལ་གནས་སྤོས་བྱེད་པའི་བོད་རིགས་དག་ནི་བོད་ཁ་བ་ཅན་གྱི་ཡུལ་སྲོལ་གོམས་གཤིས་བཟང་པོ་བོད་མི་དེ་དག་རྒྱུད་ལ་མེད་ཟེར་ན་ངས་རྫུན་དུ་འགྲོ་སྲིད་ཀྱང་བརྒྱ་ཆ་དགུ་བཅུ་ལ་བོད་ཀྱི་གོམས་གཤིས་བཟང་པོ་བརྒྱུད་ལ་གཏན་ནས་འཇགས་མེད་ལ་བོད་མི་རིགས་ཀྱི་རྒྱུད་ལ་འཇགས་པའི་བྱམས་པ་དང་སྙིང་རྗེ་དང་གཅིག་ཕན་གཅིག་གྲོགས། ཡིད་ཆེས་བློ་འཁེལ་དང་དྲང་བདེན། མགོ་བསྐོར་བསླུ་ཁྲིད་མེད་པ་དང་ཞི་དུལ་ཅན་གྱི་གཤིས་ཀ་དེ་དག་མེད་པ་ལྟར་བུ་ཡིན། ༧རྒྱལ་བ་དོན་གྱི་བདག་པོས་བོད་མི་རིགས་ཀྱི་གོམས་གཤིས་སོགས་ཉམས་འགྲོ་བ་དང་ཀུན་སྤྱོད་སྡུག་ཏུ་འགྲོ་གིན་ཡོད་པ་སྙན་ལ་གསན་དུས་ཐུགས་ཕམ་གྱི་བཀའ་སློབ་གནང་བ་ཉུང་ཉུང་མིན། དེ་དག་ཉམས་དོན་ནི་ཡུལ་གཞན་ལ་གནས་སྤོས་བྱེད་པས་མི་རིགས་གཞན་གྱི་གོམས་གཤིས་ངན་པའི་ཤུགས་རྐྱེན་བོད་མི་རིགས་ཀྱི་དྭངས་གཙང་སླད་མེད་རྫིང་བུ་ནང་དུ་སིམ་པ་ལས་བྱུང་བ་ཡིན་ཞེས་ཁ་ཚོན་བཅད་ཐུབ། 

བོད་མི་ཨ་རིར་གནས་སྤོས་བྱེད་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་གཤིས་རྒྱུད་གོམས་གཤིས་སོགས་ལ་ཤིན་ཏུ་ཚབས་ཆེན་གྱིས་ཤུགས་རྐྱེན་ངན་པ་ཐེབས་ཡོད། དེ་དག་ནི་བོད་མི་ཨ་རིར་ལ་གནས་སྤོས་བྱེད་པའི་གྲུབ་འབྲས་ལྡོག་ཕྱོགས་ནས་ཐོན་པ་རེད་ཅེས་སྨྲ་བའི་ལྕེ་རྩེ་ནས་འགོག་མེད་ཤོར་སོང་། ། །།

       འདིའི་མཇུག་བྱང་གི་ཚུལ་དུ་བཙན་བྱོལ་དམངས་ཁྲོད་ཁྱབ་པའི་གཞས་ཚིག་གཅིག་བྲིས་འགོད་བྱའོ།།

        ཕ་མ་བུ་ཕྲུག་བཞག་ནས།།
       ཨ་རི་ཕྱོགས་འཕུར་སོང་།།
ཚུར་ལ་ཡོང་རྒྱུ་མེད་པ།། 
   བུ་ཕྲུག་ད་ཕྲུག་ཆགས་སོང་།། 

ཨ་རི་སྒྲོ་ལ་ཟེར་ནས།།
ཨ་རི་ཡུལ་ལ་འཕུར་སོང་།།
ཚུར་ལ་ཡོང་རྒྱུ་མེད་པ།། 
        བཟའ་ཚང་ཁ་འཐོར་ཆགས་སོང་།། 
སོགས་ཀྱི་དམངས་ཁྲོད་ནང་འཚོ་བ་དངོས་དང་འབྲེལ་བའི་གཞས་ཚིག་འདིས་མཇུག་བསྡུས་སོ།། །། 



No comments: