རྦ་བཞེད། རྩོམ་པ་པོ་སྦ་གསལ་སྣང་ཡིན་གྱིས་བརྩམས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཡིན། <<རྩོམ་པ་པོའི་མང་ལ་མི་འདྲ་བ། སྐྱ་མིང་སྦ་གསལ་སྣང་། སྦ་ཡེ་ཤེས་དབང་པོ། ཆོས་མིང་སྦ་དཔལ་དབྱངས་>>ཞེས་སྦ་བཞེད་ནང་གསལ། ལོ་རྒྱུས་དེབ་ཐེར་འདི་ནི་སྦ་གསལ་སྣང་བརྩམས་པའི་དུས་ཡུན་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་ཡིན་པ་གསལ། འོན་ཀྱང་དུས་ཚིགས་འདི་འདྲ་གཅིག་ལ་བརྩམས་པ་རེད་ཅེས་ལོ་རྒྱུས་ཕལ་མོ་ཆེ་ནང་མི་གསལ། རྦ་བཞེད་ནང་དུ་ཕྱིས་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས། དེའི་དུས་ན་རྒྱལ་པོ་ནི་ཕོ་བྲང་བྲག་དམར་འོམ་བུའི་ཚལ་ན་བཞུགས། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་བབས་པ་ན། རྒྱའི་ཧྭ་ཤང་མངོན་ཤེས་ཡོད་པ་ཞིག་ན་རེ། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ལ་སྲས་བྱང་ཆུབ་སེམས་དཔར་ངེས་པ་ཅིག་བཙལ་བར་ངེས། དེ་ལ་རིམ་གྲོ་སྐྱེད་ཅིག་ཅེས་ཟེར། རྒྱལ་པོས་ནམ་ཕྱེད་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། འཇིམ་པ་ལྷག་མ་ལ་ངའི་སྐུ་ཚབ་བྱེད་གསུངས་ནས་མཆོད་རྟེན་གྲེས་ཐག་ཅན་ཡང་བརྩིགས། ནང་པར་ཕོ་ཉ་བྱུང་སྟེ་ཀོང་ཇོ་ལ་སྲས་གཅིག་བལྟམས་སོ་ཞེས་ཟེར། བོད་ཀྱི་རྒྱལ་པོས་ཁྱིམ་མཚེས་རྒྱ་ནག་པོ་ས་ནས་བཙུན་མོ་ཀོང་ཇོ་སྔ་ཕྱིས་གཉིས་སུ་བསུ་ཡོད། ཀོང་ཇོ་སྔ་མ་ལ་སྲས་ཅིག་ཀྱང་མེད་ལ་ཕྱིས་ལ་སྲས་བྱུང་ཟེར་བ་ཙམ་ལ་སྲས་མིང་དང་སྲས་དེའི་སྐོར་ཞིབ་ཚགས་སྔོན་གྱི་ལོ་རྒྱུས་དག་ན་མི་གསལ། ཀོང་ཇོ་ཕྱིས་མ་ལ་སྲས་བྱུང་བ་དེ་ལ་བཙུན་མོ་ཕན་ཚུན་དབར་རྙོག་གླེང་གཅིག་བྱུང་འདུག །
རྦ་བཞེད་ནང་དུ་རྒྱལ་པོ་མེས་ཨག་ཚོམ་ཡར་འབྲོག་རྦ་ཚལ་དུ་ཆིབས་སྒྲོན་པས་གྲོངས་པ་དང་། ཁྲི་སྲོང་ལེ་བཙན་དགུང་ལོ་བརྒྱད་ལས་མ་ལོན་པ་དང་། ཆབ་སྲིད་བཞེས་མ་ཐག་ཏུ་སྐུ་ནར་མ་སོན་པས། ཞང་མ་ཞམ་ཁྲོན་པ་སྐྱེས་ན་རེ། རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་སྟེ་བཀྲ་མི་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་བྱ་བ་རྫུན་ཡིན། ཆོས་སུ་བྱེད་པ་ཕོ་རིང་དུ་སྐྱུག་ཅེས་བཤད་པ་བཞིན་ཞང་མ་ཞང་གིས་བློན་ཆེན་ཆོས་ལ་དགའ་བ་མང་བལ་གཉིས་ལ་སྐྱོན་ཕབ་སྟེ་བོད་ནག་པོར་བཏང་། ར་མོ་ཆེ་ནས་གསེར་གྱི་ལྷ་ཤཱཀྱ་མུ་ནེ་དེ་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་ཟེར་བ་སོགས་ཆོས་སྲིད་ཉམས་དམས་སུ་སོང་། དེ་ནས་རིང་ཞིག་ན་རྒྱལ་བུ་སྐུ་ནར་སོན་པ་དང་། ཡབ་མེས་ཀྱི་ཡི་གེ་གཟིགས་ནས་ཞང་བློན་རྣམས་དང་གྲོས་མཛད་ཆོས་བྱ་བར་མོལ་ཏམ་བྱས་པ་ལ། ཞང་ཉ་བཟང་གིས་སྙན་དུ་གསོལ་བ། མེས་སྲོང་གྱིས་ལྷ་ཆོས་མཛད་པས་བོད་དུ་ལེགས་དགུ་བྱུང་། ལྷ་སྲས་ཡབ་ཀྱིས་ཀྱང་མཛད་པ་ལ། ཡབ་ནོངས་པའི་འོག་ཏུ་ཞང་མ་ཞང་གིས་བཤིག ། ཆོས་བཤིག་པའི་ཞང་བློན་འགའ་ཞིག་ཀྱང་སྔར་བཤད་པ་ལྟར་གུམ། ཞེས་སོགས་སྙན་དུ་གསོལ་ནས་མཐའ་ཆོས་བྱས་པ་གྲོས་འཆམ། ད་ཆོས་བྱས་པ་ལ་མཐའ་ནས་འོངས་པའི་རྒྱ་གར་དང་བལ་པོའི་མཁན་པོ་ལས། ཆོས་མཁས་པའི་ལོ་རྒྱུས་ཅན་སུ་ཡོད་དམ་སྨྲ་དགོས་ཀྱི་ཅེས་གླེང་པས། རྗེའི་ཞལ་ནས་བ་ལམ་བཀླགས་ནས་སྦ་གསལ་སྣང་ཡོད། དེ་ངའི་དྲུང་དུ་བོས། སྦ་གསལ་སྣང་བོས་ནས་སྤྱན་སྔར་མཆིས་ཏེ། རྒྱལ་པོས་ཞང་ཉ་བཟང་ཟེར་བའང་ཞིབ་ཏུ་གསུངས་ནས། རྒྱ་གར་དང་བལ་ཡུལ་སོགས་ནས་མཁས་པ་སུ་ཡོད། སྤྱན་དྲོངས་ཤིག་ཅེས་བཀའ་བསྩལ་བ་ལས། གསལ་སྣབ་གིས་གསོལ་བ། སྔོན་ནི་རྒྱ་གར་ཟ་ཧོར་ཡུལ་ན་མཆིས། ད་ལྟ་ནི་བལ་ཡུལ་ན་ཆོས་མཁས་པ་མཆིས་ཏེ། སྔོན་ཟ་ཧོར་གྱི་རྒྱལ་པོའི་བུ། དགེ་སློང་ཤནྟ་རཀྵིཏ་ཞེས་བྱ་བ་གཙུག་ལག་ལ་མཁས་པ་ཅིག་མཆིས་ལགས་ཞེས་གསོལ། ལྷ་སྲས་ཀྱིས་བཀའ་བརྩལ་པ། དེ་མི་དགུག་ཏུ་མི་རུང་བས་ཁྱོད་ཡུལ་དུ་མ་འགྲོ་བར་བལ་ཡུལ་དུ་སོང་། བལ་རྗེ་ལ་ཁྱོད་ཀྱི་ངའི་འཕྲིན་བགྱིས་ལ། ང་ཡི་སྒྲོམ་བུ་ཡང་བྱིན་ཏེ། ཟ་ཧོར་གྱི་བནྡྷེ་དེ་ཅི་འཁྲུག་སུ་བསྒྲུབས་ལ། ཆ་ཁྱེར་ལ་ཤོག་ཅིག་ཅེས་བཀའ་བསྩལ་དང་། ཐལ་བྱུང་དུ་མང་ཡུལ་དུམཆིས་ཏེ། བཀའ་སྒྲོམ་ཡང་བལ་རྗེ་ལ་ཕུལ་ནས། མཁན་པོ་བོད་ཡུལ་དུ་གཤེགས་པར་གསོལ་ཏེ་ཞུས་པས། གནས་སྟེ་སློབ་དཔོན་གྱིས་བལ་པོའི་ལོ་ཙྰ་བ་ཞབས་འབྲིང་དུ་ཁྲིད་བྱོན། མང་ཡུལ་དུ་སྤྱན་དྲངས། དེ་ནས་ཕོ་བྲང་རླུང་ཚུགས་སུ་ཁ་ཆེ་ཨཱ་ནན་ཏས་ལོ་ཙྰ་བགྱིས་ནས། དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་ལ་སོགས་པའི་ཆོས་བཤད་དེ། ཟླ་བ་བཞི་ལོན་པ་ན། འདྲེ་སྲིན་ནག་པོ་ལ་དགའ་བ་ཀུན་མ་དགའ་ནས། ཕོ་བྲང་འཕང་ཐང་ཆུས་ཁྱེར། ལྷ་ས་དམར་པོ་རི་ལ་ཐོག་རྒྱག །མི་ནད་དང་། ལོ་ནད་བྱུང་བས། བོད་འབངས་མང་ཙམ་ཁ་ལོག་ནས་བཙན་པོས་ཆོས་བྱས་པས་ལན་པ་ཡིན། ཨྰ་ཙརྱ་ཡང་སྤྱུགས་ཤིག་ཅེས་ཟེར། བཙན་པོའི་ཞལ་ནས། བདག་སྐལ་བ་ཆུང་སྟེ་བོད་ཀུན་ནག་པོ་ལ་ཞེན་པའི་དུས་སུ་སྐྱེས་པས་དེ་ལས་བཟློག་པ་རབ་ཏུ་དཀའ། ཐབས་མི་མཁས་ན་ལྷ་ཆོས་མི་འགྲུབ་པར་འགྱུར་བ་གློ་བ་ཆུང་བས། རེ་ཤིག་མཁན་པོ་སླར་བཞུད་ལ་བལ་ཡུལ་དུ་བཞུགས་ཤིག་ཅེས་བཀའ་བསྩལ།
མཁན་པོ་ཞལ་ནས། སྔར་ཡབ་མེས་ཀྱི་སྐུ་རུང་ལ་ལྷ་ཀླུ་གདུག་པ་ཅན་དམ་འོག་དུ་མ་བསྩལ་བས་བོད་ཁམས་གནོད་སྦྱིན་མཐུ་བོ་ཆེ་ཆོས་ལ་མི་དགའ་བའི་དབང་དུ་སོང་བས། ཆོས་མཛད་པའི་ཚེ། གཟིགས་ལྟས་ངན་པ་བྱུང་བ་དང་། ཆོས་མ་ཚུགས་པ་དང་། རྒྱལ་པོ་སྐུ་ཚེ་ཐུང་བ་ཡང་འདི་ལས་གྱུར་བས། སླད་ཀྱིས་དམ་ཆོས་མཛད་པ་ན། ལྷ་ཀླུ་དམ་འོག་ཏུ་སྩལ་མཛད་འཚལ་ཏེ། ཨུ་རྒྱན་གྱི་རྒྱལ་པོའི་སྲས་དགེ་སློང་པདྨ་སམྦྷ་ཞེས་བགྱི་བ་འཛམ་བུའི་གླིང་ན་སྔགས་མཁན་འདི་ལས་མཐུ་ཆེ་བ་མི་བཞུགས་སྟེ། བདག་གིས་དེ་སྤྱན་དྲངས་ལ་བོད་ཁམས་སུ་ཆོས་འབྱུང་ཞེས་ཞུས་པ་དང་། རྗེས་སུ་སློབ་དཔོན་ཆེན་མོ་པདྨ་སམྦྷ་སྤྱན་དྲངས་ནས་ཆོས་རྒྱུད་སྤེལ་བ་སོགས་ལོ་རྒྱུས་ཤིག་ཡིན། དེབ་ཐེར་འདིའི་ཚིག་ལྷུག་གི་རྣམ་པ་ཐོག་བྲིས་ཡོད་ཀྱང་ཚིག་སྦྱོར་མི་བདེ་ལ་བརྡ་རྙིང་བས་ཧ་ཅང་གི་གོ་དཀའ།
མདོ་དྲིལ་ནས་བརྗོད་ན། རྦ་བཞེད་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་དང་བསམ་ཡས་གཙུག་ལག་ཁང་བཞེངས་ཚུལ། བོད་དུ་སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་ཚུལ་སོགས་རྒྱས་པར་བཀོད་ཡོད་པའི་ལོ་རྒྱུས་ཤིག་ཡིན། འདི་ལོ་རྒྱུས་ཁུངས་བཙུན་ཤོས་བཞེད་པ་དང་། ལྷད་ཅན་དུ་འཛིན་པ། གཙང་མ་དང་ལྷན་ཅན་རིགས་གཉིས་ཡོད་པ་བཅས་སྔོན་བྱོན་མཁས་པ་དག་གི་འདོད། ལོ་རྒྱུས་ཀྱི་དེབ་ཐེར་གལ་ཆེན་ཞིག་ཡིན་ལ་འདི་ལ་བསམ་ཡས་གཙུག་ལག་དཀར་ཆག་ཆེན་མོའང་ཟེར། དུང་དཀར་ཚིག་མཛོད་དུའང་རྦ་བཞེད་དམ་བསམ་ཡས་དཀར་ཆག་ཅེས་པ་འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་ཞིབ་ཚགས་ཤིག་རེད་ཅེས་ལོ་རྒྱུས་སྨྲ་ལྕེ་འགུལ་མཁན་ཀུན་གསུངས། ཕྱིས་སུ་ལོ་རྒྱུ་སྨྲ་བ་ཀུན་གྱི་རྦ་བཞེད་ལ་ཁུངས་མི་བཅོལ་ས་ཕལ་ཆེར་མེད་ཅེས་ལབ་ན་མི་འགྲིག་པ་མེད་པར་སེམས་སོ།།
No comments:
Post a Comment