དུང་དཀར་ཚིག་མཛོད་ཆེན་མོ། རྩོམ་པ་པོ་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་དེབ་ཐེར་གྲགས་ཅན་ཞིག་ཡིན་ལ། ལོ་རྒྱུས་ཤིག་ལ་རྒྱུས་མངལ་ལེན་པ་བྱ་དགོས་ན་ངེས་པ་དཔེ་དེབ་འདི་ལ་སྤྱན་མིག་གཅིག་མ་གཡོ་ན་ལོ་རྒྱུས་གང་འདྲ་ཞིག་ན་དོན་སྙིང་ལྡན་པ་ཞིག་འཆད་རྩོད་རྩོམ་གསུམ་ནམ་ཡང་བྱ་མི་ཐུབ་ཅེས་སྨྲ་ན་མི་འགྲིག་རྒྱུ་མི་འདུག་སྙམ། མཁས་དབང་ཁོང་གིས་སྐུ་ངལ་ཁྱད་བསད་ཀྱིས་ཕྱི་ལོ་༡༩༦༠ལོར་ཚིག་མཛོད་འདི་རྩོམ་སྒྲིག་གི་བྱ་བ་ལ་ཞུགས་ནས་མཐའ་ཕྱི་ལོ་༡༩༨༨ལོར་ལེགས་པར་གྲུབ་ནས་པར་དུ་བསྐྲུན། དུས་ཚིགས་ནི་<< 1960-1988 >>ཡིན།
དཔེ་དེབ་འདིའི་བརྗོད་སྙིང་གཙོ་བོ་ནི་བོད་རིག་པའི་ཐ་སྙད་བསྡུས་ཡོད་པ་སྟེ། བོད་གནའ་རབས་ཀྱི་ལོ་རྒྱུས་ཐོག་བྱུང་བའི་མི་སྣ་དང་གནས་ཚུལ་དོན་རྐྱེན་གྱི་སྐོར། བོད་མིའི་མཁས་པ་གནམ་མཁའི་སྐར་ཚོགས་ལྟ་གྲངས་ལས་འདས་པ་བྱུང་ཡོད་པའི་མི་སྣ་དག་གི་ལོ་རྒྱུས་རྒྱས་བསྡུས་རན་པོ་རེ་དང་། བླ་ཆེན་མི་ཆེན་ཁག་གི་མི་ཚེ་ལོ་རྒྱུས། དཔེར་མཚོན་ཙམ་ཞིག་ཞུས་ན། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམས་པའི་མཛད་བཟང་ལོ་རྒྱུས་སུ་འཁོད་པ་དང་། དེ་དག་གིས་བསྟན་པ་ལ་བྱ་བ་ཇི་ཙམ་བྱེད་ཡོད་མེད་ཀྱི་སྐོར་ཁ་གསལ་ཞིང་གོ་བདེ་བ་བཀོད་ཡོད། རི་བོ་དགའ་ལྡན་པའི་དབང་དུ་བཏང་ནས་བཤད་ན། མཚན་གྱི་སླད་དུ་དོན་ནས་སྨྲ་ན་ངེས་པ་དོན་གྱི་མཁས་དབང་དཔལ་ལྡན་བླ་མ་ཤར་རྒྱ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་གསང་གསུམ་གྱི་མཛད་པ་འགོད་པ་ནས་དགའ་ལྡན་ཁྲི་རབས་རིམ་བྱོན་གྱི་མཛད་རྣམ་འགོད་པ་དང་། བླ་ཆེན་དེ་དག་གི་བསྟན་པ་ལ་བྱ་བ་གང་བསྒྲུབས་ཡོད་མེད་ཀྱི་ལོ་རྒྱུས་ཁུངས་བཙུན་རྣམས་པ་རྣམས་བཀོད་ཡོད།
བོད་རིག་པའི་ཐ་སྙད་གལ་ཆེན་རིགས་ཀྱི་འགྲེལ་བཤད་སྤུས་ལེགས་རེ་དང་། བོད་མི་ཡུལ་གྱི་གོམས་གཤིས་དང་ཆོས་ལུགས་ཀྱི་སྐོར། བོད་གནའ་རབས་ཀྱི་ཁྲིམས་ལུགས་ཀྱི་སྐོར་དང་། བོད་མི་རིགས་ཀྱི་འབྲེལ་བའི་མིང་ཚིག་གི་ཚིག་འགྲེལ། འཛམ་གླིང་སྤྱིའི་ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་སྐོར་དང་དམིགས་བསལ་གལ་ཆེན་གྱི་མིང་ཚིག་གི་སྐོར་ལ་འགྲེལ་བཤད་ཕུན་སུམ་ཚོགས་པ་བཏབ་འདུག།།
སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྒོ་ཀུན་དང་མུན་སྟེགས་པའི་བསྟན་པ་སོགས་བསྟན་པ་དར་ཚུལ་སོགས་དང་། བསྟན་པ་དེ་འཛིན་གྱི་སྐྱེས་བུ་དམ་པ་དབུ་བདག་ཅག་གི་སྟོན་པ་ནས་བཟུང་། བསྟན་རབས་བདུན་ལ་སོགས་པའི་བླ་ན་མེད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་མཛད་པ་འཕྲིན་ལས་ཀྱི་མཛད་རྣམ་འཁོད་པ་དང་།
མདོར་ན་ཚིག་མཛོད་འདིའི་ནང་དུ་མི་གསལ་བའི་ཚིག་གཅིག་མི་ལྡན་ལབ་ནའང་ཕལ་ཆེན་འགྲིག་པའི་ཚོད་དུ་སྣང་། ངས་གོང་དུ་བཤད་པ་བཞིན་བོད་ཀྱི་ལོ་རྒྱུས་ཤིག་ལ་རྒྱུས་མངའ་མཁྱེན་པའི་བདག་པོ་གནང་དགོས་ན་ངེས་པར་དུ་དུང་དཀར་ཚིག་མཛད་འདི་ལ་སྤྱན་མིག་ཟུར་ཙམ་གཡོ་བ་མ་མཛད་རང་མཛད་འདྲ་ཆགས་འདུག་དྲན།
ཡང་བཤད་ཅིག་བྱེད་ན་མཐོ་སྒང་གངས་ཅན་བོད་ཀྱི་ཆབ་དཔལ་རིག་གསུམ་དང་འབྲེལ་བའི་མིང་ཚིག་གི་མཆན་འགྲེལ་རྒྱག་ཡོད། དེ་ཡང་དུང་དཀར་ཚིག་མཛོད་སྒྲིག་སྦྱོར་བས། ད་ཆ་ཐ་སྙད་མིང་ཚིག་ཁྲི་བཞི་སྟོང་ལྷག་དང་ཡིག་འབྲུ་ཁྲི་ཉིས་བརྒྱ་བརྒྱད་ཅུ་ལྷག་ཡོད་པའི་ཚིག་མཛོད་ཅིག་ཡིན་ཞེས་གསུངས། རིན་ཐང་ཅན་གྱི་དཔེ་དེབ་འདི་ཕྱི་ལོ་༢༠༠༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་པར་བཏབ་པ་དང་། དཔེ་དེབ་འདི་སྟོད་སྨད་གཉིས་སུ་བྱས་ཡོད། དཀར་ཆག་ཀ་མད་གོ་རིམ་བཞིན་ས་བཅད་བཀྲམ་ཡོད། སྟོད་ཆ་ན་ཀ་སྡེ་ནས་ད་སྡེ་དབར་དང་། སྨད་ཆ་ན་སྡེ་ནས་ཨ་སྡེ་དབར་ཆ་བགོས་བྱས་ནས་སྟོད་སྨད་གཉིས་སུ་པར་བསྐྲུན་ཞུས་ཡོད་པའི་སྙིང་བསྡུས་སོ།།
No comments:
Post a Comment