Wednesday, January 01, 2020

ཐུའུ་བཀྭན་ཆོས་འབྱུང་།

ཐུའུ་བཀྭན་ཆོས་འབྱུང་། མཚོན་དངོས་ནི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ཞེས་བྱ། རྩོམ་པ་པོའི་མཚན་ལ་མཁས་དབང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའང་མཚན་གཞན་དྷརྨ་བཛྲ་མཆོག་ཡིན། ག་དུས་བརྩམས་པའི་དུས་ཚིགས་ནི་ལྕགས་མོ་བྱའི་ལོ་རྒྱལ་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པའི་ཚེས་བརྒྱད་དང་། ཕྱི་ལོ་༡༧༩༦ལོར་བརྩམས། གཞུང་འདིའི་བརྗོད་སྙིང་གཙོ་བོར་ནི་དབུས་འགྱུར་ཆོས་ཀྱི་ཞིང་ས་རྒྱ་གར་འཕགས་པའི་ཡུལ་དུ་དམ་པའི་ཆོས་དར་ཚུལ་དང་རིམ་བཞིན་གྲུབ་མཐའ་སོ་སོར་བྱུང་སྟངས་དང་། ཕྱི་བ་མུ་སྟེགས་པ་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་དང་། མུ་སྟེགས་པའི་འདོད་ཚུལ་རྣམས་དང་། 
ནང་པ་སངས་རྒྱས་པ་བྱུང་ཚུལ། དེ་ལའང་། གྲུབ་མཐའ་སོ་སོར་བྱུང་ཚུལ་དང་དེ་རྣམས་ཀྱི་དགོངས་པའི་བཞེད་ཕྱོགས་སོགས་ཞིབ་རྒྱས་ཁ་གསལ་ཞིང་གོ་བདེ་པོ་ངང་ནས་འཆད་ཡོད། དཔེར་ན་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་བཞེད་ཚུལ་དང་། གྲུ་མཐའ་སྨྲ་བ་བཞིའི་སོ་སོའི་ལུགས་ཀྱི་དགག་བྱ་འདོད་ཚུལ། ཉན་ཐོས་སྡེ་པའ་བྱེ་བྲག་སྨྲ་བ་ལ་རྩ་བའི་སྡེ་པ་བཞི་དང་། བྱེ་བྲག་ཏུ་སྡེ་པ་བཅོ་བརྒྱད་གྱེས་ཚུལ་སོགས་ཀྱི་སྐོར་ལེགས་པ་བཤད་པ།


བོད་གངས་ལྗོངས་སུ་ནང་ཆོས་དར་ཚུལ་དང་གྲུབ་མཐའ་སོ་སོ་བྱུང་ཚུལ་གསལ་བ་བརྗོད་པ། དཔེར་མཚོན་ཙམ་ཞུ་ན། བསྟན་པ་སྔ་དར་བྱུང་བའི་ཚུལ་ནས་བཟུང་། བསྟན་པ་ཕྱི་དར་བྱུང་ཚུལ་དང་བསྟན་པའི་མེ་རི་སྨད་ནས་གསོ་ཚུལ་སོགས་བཤད་པ་ལེགས་བཤད་ཅིག་ཏུ་འཁུམས། 

གླང་དར་མས་བསྟན་པ་བསྣུབས་ནས་ཕྱིས་སུ་སངས་རྒྱས་ཀྱི་བསྟན་པ་སྟོད་ནས་གསོས་ཚུལ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཅུས་སུ་ལོ་ཙྰ་བ་རིན་ཆེན་བཟང་པོ་རྒྱ་གར་དུ་ཆོས་སློབ་པར་བཏང་བས་མཁས་པ་ཆེན་པོར་གྱུར་ཏེ་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། འཆད་ཉན་གྱིས་གཏན་ལ་ཕབ་པ་སོགས་སྟོད་ཕྱོགས་སུ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱ་ཚུལ་དང་། བསྟན་པ་སྔ་དར་དང་ཕྱི་དར་གྱི་རྣམ་གཞག་ནི། སངས་རྒྱས་ཀྱི་བསྟན་པའི་གཞི་མ་དམ་པའི་ཆོས་འདུལ་བ་ཡིན་པའི་དབང་གིས་སྡོམ་རྒྱུན་དང་འདུལ་བའི་ལག་ལེན་དར་ཚུལ་གྱི་སྒོ་ནས་བཞག་པར་སྣང་ངོ་།། ཞེས་དང་། 
གྲུབ་མཐའ་སོ་སོ་བྱུང་ཚུལ། རྙིང་མ་བ་ནི་མདོ་ཕྱོགས་ལ་གསར་རྙིང་མ་བྱུང་། རྙིང་མ་དང་གསར་མའི་རྣམ་གཞག་ནི་གསང་སྔགས་ཀྱི་བསྟན་པ་དར་ཚུལ་གྱི་སྒོ་ནས་བཞག་པ་ཡིན། དེ་ལའང་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་གྲགས་ཆེ་བ་ནི། པཎྜི་ཏ་སྨྲི་ཏ་བྱོན་པ་ཡན་ཆོད་དུ་བསྒྱུར་པའི་རྒྱུད་རྣམས་ལ་གསང་སྔགས་རྙིང་མ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཕྱིན་ཆད་དུ་བསྒྱུར་བ་རྣམས་ལ་གསང་སྔགས་གསར་མའི་ཐ་སྙད་མཛད། གསང་སྔགས་གསར་མའི་འགྱུར་མགོ་ནི་ལོ་ཙྰ་བ་རིན་བཟང་ནས་ངོས་འཛིན་མོད། འོན་ཀྱང་འབྲོག་མི་དང་། འགོས་དང་། མངའ་བདག་མར་བ་རྣམས་ཀྱང་ཡིན་ནོ། ། ཡོངས་གྲགས་སུ་རྙིང་མ་སྲོལ་བཏོད་པ་པོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་མོ་པདྨ་སམ་བྷ་ཝ་བོད་དུ་བྱོན་ཏེ་བསམ་ཡས་མཆིམས་ཕུར་སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་མང་དུ་བསྒྱུར། རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་འདུས་པའི་ཚོམ་བུར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བ་ལས་རིམ་གྱིས་བརྒྱུད་པ་ལ་གསང་རྙིང་མའི་གྲུབ་མཐའ་བྱུང་བའི་ལོ་རྒྱུས་སོ།།
བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་ནི་རྗེ་རིན་པོ་ཆེས་སྤྱན་སྔ་རིན་ཆེན་འཕེལ་ལ་བཀའ་གདམས་ཞེས་བྱ་བའི་དོན་དེ་ཅི་ཡིན་ཞེས་གསུངས་པས། སྤྱན་སྔས་རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་བཞག་ཏུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་ཞུས་པས། ཞེས་དང་། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པ་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཞེས་བྱའོ།།

བཀའ་གདམས་ཀྱི་ལུགས་སྲོལ་ཁྱད་པར་ཅན་དེ་ཇི་ལྟར་བྱུང་ཚུལ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། སྟོན་པ་རིན་པོ་ཆེས་སྲོལ་ཕྱེས། བཀའ་གདམས་སྐུ་མཆེད་གསུམ་ལ་སོགས་པའི་བཀའ་གདམས་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ནས་དར་ཞིང་རྒྱས་པའོ།། 
བཀའ་རྒྱུད་པ་བྱུང་བའི་རིམ་པ་ལ་མར་པའི་རྒྱུད་འཛིན་དང་། ཁྱུང་པོའི་བརྒྱུད་འཛིན་གཉིས་བྱུང་་བ་ལས། རྡོ་རྗེ་འཆང་ནས་ཏེ་ལོ་ནྰ་རོའི་བར་དུ་བྱོན་པའི་བཀའ་བབས་ཀྱི་གདམས་པ་རྣམས་མར་བ་ལ་མངའ་བས། དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ་བཀའ་བརྒྱུད་པ་ཞེས་དང་།  བཀའ་བརྒྱུད་ཅེས་པའི་སྒྲ་བཤད་ནི། བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས། དེ་སྐད་དུ་གྲགས་ཞེས་ཟེར་རོ།། 
བཀའ་བརྒྱུད་ལ་དབྱེ་བ་ལ་ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་གཉིས་སུ་དབྱེ་བ་དང་། དྭགས་པོ་བཀའ་བརྒྱུད་དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན། ཀརྨ་བཀའ་བརྒྱུད་དང་། ཕག་གྲུ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། ཁྲོ་ཕུའི་བཀའ་བརྒྱུད་རྣམས་སོ།།
ས་སྐྱ་གྲུབ་མཐའ་བྱུང་ཚུལ་ནི་ས་སྐྱ་བ་ཞེས་ཡོངས་སུ་གྲགས་པ་ནི་འཁོན་དཀོན་མཆོག་རྒྱལ་པོ་ནས་བྱུང་བ་ཡིན་ལ། དེ་ཡང་འཁོན་གྱི་གདུང་བརྒྱུད་ནི་འོད་གསལ་ལྷ་ལས་ཆད་པ་སྟེ། སྤྱིང་རིང་། གཡུ་རིང་། གཡུ་སེ་སྟེ། གནམ་ལྷ་མཆེད་གསུམ་དང་། གཡའ་སྤངས་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ་ནས་ཆུང་མ་གཡའ་འབྲུག་སི་ལེ་མ་ཁབ་ཏུ་བཞེས་པ་ལས་སྲས་ཤིག་འཁྲུངས་པ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་འཁོན་བར་སྐྱེས་སུ་གྲགས། དེ་ལ་སོགས་པའི་གདུང་རྒྱུད་ལ་འཁོན་པའི་གདུང་བརྒྱུད་ཅེས་གྲགས་དང་། དེའི་རྒྱུད་པའི་གསང་སྔགས་ཉམས་བཞེས་གནང་ནས་རྒྱུད་པ་ལ་ཟེར། 
དཔལ་ལྡན་ས་སྐྱ་ལ་ས་ངོར་ཚ་གསུམ་སྟེ་ས་སྐྱ་པ། ངོར་པ། ཚལ་པ་ཅན་གསུམ་དུ་བྱུང་བ་ཡིན་ནོ།།

དགེ་ལྡན་པ་ནི་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོོས་བཅོམ་ལྡན་ཀྱི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་ཚད་ལྡན་མང་པོ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྒྲོ་འདོགས་བཅད་དེ་གསུང་རབས་ཀྱི་ཟབ་དོན་འཁྲུལ་པ་མེད་པར་ལེགས་པར་འདོམས་པའི་བཀའ་ཁྲོལ་དང་། རྒྱལ་ཚབ་རྗེ་དང་། མཁས་གྲུབ་རྗེ་སོགས་ནས་བརྒྱུད་པ་ལ་རི་བོ་དགེ་ལྡན་པའང་དགེ་ལུགས་པའི་གྲུབ་མཐའ་བྱུང་བའོ།། 

བོན་པོ་བྱུང་ཚུལ་ནི་བོན་གཞུང་ལས། བསྐལ་བ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་དུ། སྟོན་པ་གཙོ་མཆོག་ཀུན་བཟང་ནང་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱུད་བྱུང་ཟེར་བས། དེའི་ནང་ཚན་ཚེ་ལོ་བརྒྱ་བའི་དུས་སུ་འབྱུང་བར་བཤད་པའ་གཤེན་རབ་ནི་ད་ལྟའི་བོན་གྱི་སྟོན་པ་ཡིན་ལ་ཞེས་གསུངས་པ་བཞིན་དེ་ནས་གཡུང་དྲུང་བོན་གྱི་བསྟན་པ་དེ་བྱུང་ཟེར། འོན་ཀྱང་། ཆོས་འབྱུང་ལ་ལས། བོན་ལ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་གསུམ་བྱུང་ལ། དེ་ད་ལྟའི་གཡུང་དྲུང་བོན་གྱི་བསྟན་པ་དེ་དང་གཅིག་ཏུ་མི་དྲངས། འོན་ཀྱང་བོན་གཞུང་ཁག་ནས་བོན་ལ་དབྱེ་བ་མི་འདྲ་བ་ཡོད་ཀྱང་བོན་སྟོན་གཅིག་ཏུ་འདོད་དོ།།


མདོར་འདྲི་ན་གྲུབ་མཐའ་ཐམས་ཅད་ཀྱི་མ་དང་ཁུངས་བཅོལ་སའི་དཔེ་དེབ་འདིའི་ནང་དུ་འགྲེལ་བཤད་ཡོད་དོ་ཅོག་བློ་གསལ་བུ་པ་ལ་རན་པ་འཚམ་པའི་ལེགས་བཤད་ཅིག་སྣང་། ཁྱད་པ་འདིའི་ནང་དུ་གྲུབ་མཐའི་སོ་སོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྐོར་ཕུན་སུམ་ཚོགས་པའི་གསུངས་གནང་ཡོད། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་འདི་ནི་ཆེས་རིན་ཐང་ཅན་ཞིག་ཡིན་ནོ།། 

No comments: