Wednesday, January 01, 2020

སིང་གྷ་ལའི་ལོ་རྒྱུས།

སིང་གྷ་ལའི་ལོ་རྒྱུས། མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཁོང་གིས་ཕྱི་ལོ་༡༩༤༤ལོར་བརྩམས་པ་དང་། ཡུལ་དེར་ལོ་གཅིག་དང་ཟླ་བ་གཅིག་ཙམ་བཞུགས་ཞེས་གསལ། ལོ་རྒྱུས་དཔེ་དེབ་འདིའི་བརྗོད་སྙིང་གཙོ་བོར་ནི་སིངྒ་ལའི་ལོ་རྒྱུས་དང་། སིངྒ་ལའི་ཡུལ་གྱི་རྣམ་པ་དང་། ཡུལ་མིའི་སྤྱོད་ཚུལ། ནང་ཆོས་ཇི་ལྟར་དར་ཚུལ་སོགས་སྐོར་ཕལ་སྐད་ལམ་ནས་བྲིས་པ་དང་། ཡུལ་གྱི་རྒྱལ་པོ་རིམ་བྱོན་རྣམས་ཀྱིས་བསྟན་པ་ཇི་ལྟར་སྐྱོང་བའི་ཚུལ་དང་། ཁྱད་པར་དུ་སིངྒ་ལ་རུ་ཐེག་དམན་གྱི་ཆོས་དར་སའི་ལུང་པ་ཞིག་དང་། ཐེག་པ་དམན་པའི་ཆོས་ལུགས་དང་འབྲེལ་བའི་ཡུལ་མི་རྒན་གཞོན་བར་གསུམ་གྱི་རྣམ་ཀུན་བྱ་བ་ཞུགས་སྟངས། ཆོས་ལུགས་དང་འབྲེལ་བའི་དུས་ཆེན་ཁག་ཡུམ་མི་ཀུན་གྱིས་བྱེད་སྒོ་རྣམ་གསུམ་སོགས་ཁ་གསལ་པོ་བྲིས་འདུག ། སིངྒ་ལ་ཡུལ་དུ་དུས་ཆེན་གསུམ་ལས། དང་པོ། ལོ་གསར་ནི ཧོར་ཟླ་གསུམ་པ་ཙམ་ཚེས་སྟོད་ཉི་མ་ལུག་ཁྱིམ་དུ་འཕོས་པ་ན། གླིང་འདི་པ་རྣམས་ལོ་གསར་བྱེད། འདི་ནི་མྱ་ངན་མེད་དུས་ཀྱི་སྲོལ་ཡིན་ཟེར། 


གཉིས་པ། ས་གའི་ཉ་ལ་སངས་རྒྱས་འཁྲུངས་པའི་དུས་སྟོན་ནི། ལོ་གཅིག་གི་ཉི་མ་གལ་འགངས་ཆེ་ཤོས་དེ་རྩིས་ལ། བྱིས་པ་ཆུང་ངུ་ཞིག་གཞོན་ནུ་དོན་གྲུབ་ཀྱི་ཆས་སུ་བཅུག་སྟེ་མི་རྣམས་ཀྱིས་མཆོད་ཅིང་ཐམས་ཅད་གོས་དཀར་པོ་གྱོན་ནས་གཉེན་ལ་མགྲོན་འབོད་བྱས། ཁྱིམ་གྱི་སྒོ་ན་སྐུ་ཐང་དང་། བ་དན་འཕྱང་བ། སངས་རྒྱས་ཀྱི་རྣམ་ཐར་གཟུགས་བརྙན་ནས་འཕྲུལ་འཁོར་གྱིས་གསོན་པོ་ལྟར་འགུལ་བསྐྱོད་བྱེད་པ་སོགས་སྟོན་པ། ཤིང་རྟ་ཆེན་པོའི་སྟེང་གི་དབུས་སུ་བྱིས་པ་གཅིག་བྱང་ཆུབ་སེམས་དཔའ་དང་། བུ་མོ་ཞིག་ལྷ་མོའི་ཆས་སུ་ཞུགས་ནས་སངས་རྒྱས་ཀྱི་བསྟོད་དབྱངས་བླངས་ཏེ་སྲང་ལམ་དང་སྐྱེད་ཚལ་ཐམས་ཅད་བསྐོར་སྐབས་ཐམས་ཅད་ཀྱིས་ཁོང་གཉིས་ལ་མངར་ཆ་སོགས་འབུལ། དགེ་སློང་རེ་མདུན་དུ་དགེ་བསྙེན་རྣམས་ཀྱིས་བསྐོར་ནས་སྐྱེས་རབས་འཆད་པ་སོགས་དུས་སྟོན་རྒྱ་ཆེར་གནས་བའི་དར་སྲོལ་ཡོད་པ་ཡིན་ཞེས་དུས་ཆེན་གསུམ་དང་ཁྱད་པ་ཟླ་བ་ཉ་ལ་བྱེད་སྒོ་རྣམ་གསུམ་གསལ་བ་གསུངས་ཡོད།
གསུམ་པ། ངུར་སྨྲིག་གི་དུས་སྟོན་ནི། གླིང་དེའི་སྐྱེས་པ་བུད་མེད་བྱིས་པ་ཐམས་ཅད་ནམ་གུང་ཙམ་ན་ཡར་ལངས་ཏེ་སེར་སྦྲེང་ལྟར་བསྒྲིབས། མར་མེ་ཆེན་པོ་འཁྱེར། ཐམས་ཅད་ཀྱི་སྤྱི་བོར་མཁར་གཞོང་ཆེན་པོ་རེའི་ནང་ཆོས་གོས་ཀྱི་རྒྱུས་རས་ཡག་དཀར་པོ་དང་། སྣམ་ཕྲན་དང་། གླེགས་བུ་ལྡང་བ་ཅི་ནུས་འབྱོར་བ་རེ་བཞག་ཡུལ་དེའི་མཆོད་རྟེན་སོགས་ཡོད་ཚད་ཀྱི་དྲུང་དུ་བསྐོར། མཐར་གཙུག་ལག་ཁང་དུ་འདུས་ཏེ་དགེ་སློང་རེ་རེ་བཞིན་ལ་ཕུལ། དེ་ནས་གུར་གུམ་གྱིས་སྦངས་པའི་ཐིག་སྐུད་རིང་བོའི་སྣེ་གཅིག་དགེ་སློང་དང་། སྣེ་གཅིག་སྦྱིན་བདག་གིས་བཟུང་ནས་ཐིག་བཏབ་པ་དང་མཉམ་དུ་ཕྱི་ནས་རྔ་བོ་ཆེ་བརྡུང་། སྟོན་པའི་བསྟན་པ་ལ་གནས་སོ།། ཚུལ་ཁྲིམས་ཀྱི་རྒྱ་མཚོ་མ་ཉམས་སོ་སོགས་ཅ་ཅོ་ཆེན་པོ་དང་བཅས་ཆོས་ཐམས་ཅད་ཀྱི་འདུལ་བའི་སྔགས་མང་པོ་འདོན་པ་སོགས་གནང་སྲོལ་ཡོད། མདོར་ན་ཆོས་གོས་དེ་ཉན་ཐོས་དགེ་སློང་རྣམས་ཀྱི་ལོ་གཅིག་གི་སྒྲུབ་མཆོད་གལ་ཆེ་ཤོས་ཤིག་ཡིན། ངུར་སྨྲིག་གི་དུས་སྟོན་དེ་རང་རེའི་ཧོར་ཟླ་དགུ་པ་ཙམ་ལ་འཁེལ་ཞིང་ཟླ་བ་དེ་ལ་ངུར་སྨྲིག་གི་ཟླ་བ་ཡང་ཟེར་རོ།། 
གཞན་ཡང་ཉིན་མོ་གལ་ཆེ་ཤོས་རྩིས་པ་ནི་ཉ་སྟོང་བརྒྱད་གསུམ་ཡིན། ཉ་ཞེས་པ་ཟླ་བ་ཉ་ཡོངས་སུ་གང་བའི་དུས་ཚེས་༡༥ དང་། སྟོང་ཞེས་པ་ཟླ་བ་ཡར་འཕེལ་དང་མར་སྒྲིབ་ཆ་གཉིས་ཀས་སྟོང་བའི་དུས་ཤིག་ཚེས། ༣༠་དང་། ཚེས་༨ པ་ཟླ་བ་ཡར་ངོའི་ཚེས་བརྒྱད་དང་མར་ངོའི་ཚེས་༢༣ སྟེ་ཡར་ངོ་དང་མར་ངོའི་ཚེ་༨་ལ་གོ་དགོས་པ་ཡིན། ཉིན་དེ་དག་ཏུ་ཁྱིམ་པ་ཀུན་ཁྲ་ཐིག་སོགས་ཡེ་ནས་མེད་པའི་རས་དཀར་རྐྱང་རེ་གོན་ཞིང་། ཚུལ་ཁྲིམས་ཡན་ལག་བརྒྱད་པའི་ཁྲིམས་ཀུན་གྱིས་ལེན་པ་སོགས་ཆོས་དང་འབྲེལ་བའི་བྱ་བར་དམིགས་བསལ་བརྩོན་གྱིན་ཡོད་ལ། རྣམ་དཀར་དགེ་བའི་ལས་བསགས་ཡའི་དུས་ཚིགས་ཁྱད་པ་ཅན་ཞིག་ཏུ་ངོས་འཛིན་གྱིན་འདུག་གོ། 
གཞན་ཡང་སིངྒ་ལའི་གླིང་གི་མཐའ་ཡོངས་རྫོགས་རྒྱ་མཚོས་བསྐོར་ནས་ཡོད་ཅིང་། དབུས་ཀྱི་ཆ་ལ་རི་མང་ཞིང་། རྒྱ་མཚོ་དང་ཉེ་བའི་ཕྱོགས་ཀུན་ཐང་དུ་ཡོད། གསིང་མ་དང་ནགས་ཚལ་རྒྱས་པས་རི་ལྗོངས་ཐམས་ཅད་དུ་སྨུག་དུང་ངེ་བ་ཡོད། ཕྱོགས་ཕལ་ཆེར་ནས་རྒྱ་མཚོ་ནག་མེར་རེ་བ་མཐོང་བ་དང་། གླིང་འདི་བྱང་དང་། ནུབ་དང་། ཤར་གྱི་ངོས་བཅས་ཆ་གསུམ་དུ་བགོས་བས་མིང་འདོགས་མི་འདྲ་བ་སོ་སོར་མཆིས། ཤར་ངོས་ཀྱི་ནགས་ཚལ་ཆེན་པོའི་དཀྱིལ་ན་ཀློ་པའི་རིགས་ཤ་རྗེན་པ་ཟ་ཞིང་གཅེར་བུ་སྤྱིལ་བུ་ཡང་མེད་པར་སྡོད་པ་དག་ཡོད། གླང་ཆེན་གྱི་ཤ་སྦྲང་རྩི་ལ་སྦགས་ནས་ཟ། གདོང་ལ་བལྟས་ནས་གད་མོ་ཤོར་ན་འཆི་ལྟས་སུ་བརྩི་བས་མདའ་བསྣུན་ཏེ་གསོད་པ་སོགས་ལུགས་སྲོལ་ཡ་མཚན་པ་འགའ་རེ་ཡོད་ཅེས་གསུངས།

སིངྒ་ལའི་གླིང་འདིའི་གྲོང་དང་གྲོང་ཁྱེར་ཀུན་ལས་ཀོལམ་བྷོ་བྱ་བ་དེ་ཡིན་ཞིང་། དེར་རྒྱལ་ཁབ་ཀུན་གྱི་མི་རིགས་འཛོམས། དེའི་འོག་ཀཎ་ཌེ་ཞེས་བྱ་བའི་གྲོང་དེ་ཡང་སྔོན་གྱི་རྒྱལ་ས་ཡིན་ཞིང་། གླིང་དེར་ཉིན་མཚན་རིང་ཐུང་དང་དབྱར་དགུན་ཀྱང་མེད་པར་ལོ་ཧྲིལ་པོར་བསིལ་དྲོད་སྙོམས་པོ་ཡོད། 
ཡུལ་དེའི་ཕོ་མོའི་གྱོན་ཆས་ནི་ཕོ་མོ་གཉིས་ཀ་ཁ་དོག་ཕྲ་བོ་ཅན་གྱི་སྨད་གཡོག་སུལ་མེད་པ་དང་། མོ་རྣམས་སྟོད་ལ་དཔུང་བཅད་ཞིག་གྱོན། སིངྒ་ལར་བུད་མེད་སྨད་འཚོང་མ་དང་། སྐྱེས་པ་བཤན་པ་བྱེད་པ་མེད་ཟེར། འོན་ཀྱང་ཉ་རྔོན་པ་ལ་བཤན་པའི་ཐ་སྙད་མི་བྱེད། ཡུལ་མི་གང་པོས་ཉ་ལ་དགའ། སྡིག་སྲིན་དང་ཆུ་སྦྲུལ། ལྕོང་མོ་སོགས་ཟ། སྒོ་ཟོག་གླང་དང་མ་ཧེ་ཤས་ཆེ། གླང་གིས་ཤིང་རྟ་འདྲེན་པ། གྲོང་ཁྱེར་ཆེན་པོ་རྣམས་སུ་གློག་ཆས་དང་། བཟོ་གྲྭ ། ཡིག་ཁང་སོགས་གསར་སྲོལ་ཐམས་ཅད་ཡོད། སྲང་དང་སློབ་གྲྭ་སོགས་ལ་ཡང་ཆོས་ལུགས་དང་འབྲེལ་བའི་མིང་ཡང་བཏགས། དཔེར་ན། སྐྱེ་རྒུའི་བདག་མོའི་བྲང་ཁང་། གྲགས་འཛིན་མའི་སློབ་གྲྭ ། ཀུན་དགའ་བོའི་མདུན་ཁང་སོགས་མིང་ཅན་དུ་མ་ཡོད་པ་ཡིན་ནོ།།

གཞན་ཡང་ཆོས་ལུགས་འདྲེས་པའི་བྱེད་སྒོ་གཞན་ཞིག་ཡོད་པ་ནི། གྲོང་གི་བཞི་མདོ་ཀུན་ན་བྱང་ཆུབ་ཤིང་དང་། མཆོད་རྟེན་དང་། སངས་རྒྱས་ཀྱི་སྐུ་སོགས་རྟེན་ཁྱད་པར་ཅན་དག་ཡོད་ཅིང་། ཚེས་བཟང་དག་གི་ནངས་པར་ཐོག་མར་ཡིག་གྲྭའི་བུ་མོ་དག་གྲལ་དུ་བསྒྲིགས་ཏེ་སོང་ནས་བྱང་ཆུབ་ཤིང་དང་། མཆོད་རྟེན་གྱི་རྩ་བར་གད་དར་བྱེད། དེ་ནས་ཁྱེའུ་བརྒྱ་ཕྲག་དུ་མ་སློབ་དཔོན་གྱིས་ཁྲིད་དེ་མདོའི་ཚིགས་བཅད་འགའ་ཞིག་གླུར་ལེན་བཞིན་མཆོད་རྟེན་ལ་བསྐོར་ནས་མེ་ཏོག་གཏོར་བ་སོགས་བྱེད། གླིང་དེར་དགེ་འདུན་ལ་གུས་པ་ཆེ་བ་སྔོན་སངས་རྒྱས་ཞལ་བཞུགས་དུས་དང་ཁྱད་མེད་པ་ལྟ་བུ་ཡོད། རིགས་མཐོ་བའི་མི་དྲག་རྣམས་ཀྱང་དགེ་ཚུལ་ཆུང་ངུ་ཞིག་གི་རྐང་པའི་དྲུང་དུ་པུས་མོ་བཙུགས་ནས་སྡོད་པ་སོགས་ཆོས་དང་དགེ་འདུན་ལ་གུས་ཚུལ་ནི་ཤིན་ཏུ་ཆེའོ།།

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སིངྒ་ལའི་ཡུལ་འདིར་ཐེངས་གསུམ་ཞབས་ཀྱིས་བཅགས་ཚུལ་སོགས་ལོ་རྒྱུས་སྤུས་གཙང་ཞིག་རེད་ཅེས་སྨྲ་བའོ།། 

No comments: