རྒྱལ་རབས་གསལ་བའི་མེ་ལོང་། བོད་ཀྱི་ལོ་རྒྱུས་ཁུངས་བཙུན་ཤོས་ཤིག་ཡིན། ལོ་རྒྱུས་འདི་རྩོམ་པ་པོ། དཔལ་ལྡན་ས་སྐྱ་པའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མཆོག་ཡིན། དེབ་ཐེར་འདི་ཕྱི་ལོ་ག་དུས་བརྩམས་མིན་ལོ་རྒྱུས་ཞིབ་པ་གཅིག་མ་མཐོང་ཡང་། རྒྱལ་རབས་འདི་དུས་རབས་བཅུ་བཞི་པ། འབྲུག་ལོར་བསམ་ཡས་གཙུག་ལག་ཁང་དུ་བརྩམས་ཞེས་གྲགས།
ལོ་རྒྱུས་དེབ་ཐེར་འདིའི་བརྗོད་དོན་སྙིང་པོ་ནི་བསྐལ་པ་ཆགས་ཚུལ་དང་འགྲོ་བ་མིའི་རིགས་ཇི་ལྟར་བྱུང་ཚུལ། རྒྱ་གར་དུ་བསྟན་པ་བྱུང་ཚུལ། རྒྱ་ཧོར་གྱི་ཡུལ་དུ་དམ་ཆོས་དར་ཚུལ། ཁ་བ་ཅན་པའི་མི་རྒྱུད་གྲོལ་ཚུལ། བོད་ལ་སངས་རྒྱས་ཀྱི་ཆོས་ལུགས་བྱུང་ཚུལ་སྟངས་དང་། བོད་རྒྱལ་པོའི་གདུང་རབས། བོད་སིལ་བུར་ཆད་ཚུལ། ཡུམ་བརྟན་དང་འོད་སྲུངས་ཀྱི་རྒྱལ་རྒྱུད། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་གདན་དྲངས་ཚུལ་སོགས་བྲིས་ཡོད། དེའང་ཆེ་ས་ནས་དབྱེ་ན། བསྟན་བཅོས་འདི་ཁག་གསུམ་དུ་དབྱེ་རུང་སྟེ། ཁག་དང་པོ་རྒྱ་གར་དུ་བསྟན་པ་བྱུང་ཚུལ་དང་བསྟན་པ་ཕྱོགས་མཐར་སྤེལ་ཚུལ་སྐོར་དང་། ཁག་གཉིས་པ་བོད་ཀྱི་བཙན་པོའི་གདུང་རབས་དང་བཙན་པོ་སྲོང་བཙན་སྒམ་པོའི་མཛད་རྗེས་སྐོར། ཁག་གསུམ་པ་སྲོང་བཙན་སྒམ་པོའི་རྗེས་ཀྱི་རྒྱལ་རབས་ནས་ལྷ་བླ་མ་ཡེ་ཤེས་འོད་བར་གྱི་བཙན་པོ་སོ་སོའི་མཛད་འཕྲིན་སྐོར་བཅས་གསལ་བར་བཀོད་ཡོད།
དེ་ཡང་རིམ་བཞིན་མདོར་བསྡས་ཙམ་ཞུ་ན།བསྐལ་བ་ཇི་ལྟར་ཆགས་པ་ནས། རྒྱ་གར་གྱི་ཆོས་རྒྱལ་རིམ་པ་བྱོན་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་དར་བའི་སྐོར། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསུམ་བཞེངས་པ་དང་རབ་ཏུ་གནས་པར་མཛད་པའི་སྐོར། རྒྱ་ཧོར་གྱི་ཡུལ་དུ་དམ་པའི་ཆོས་དར་བ་དང་། རྒྱལ་པོའི་རྣམ་གྲངས་ཇི་ལྟར་བྱོན་པ་བསྟན་པའི་སྐོར། འཕགས་པ་པདྨ་ལ་འཁྲུངས་པ་ལས། ཡི་གེ་དྲུག་པའི་ཕན་ཡོན་བསྟན་པའི་བསྟན་ཡོད། འཕགས་པ་སྤྱན་རས་གཟིགས་ཀྱིས་ཁ་བ་ཅན་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་འཁོད་པའི་སྐོར། རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་སྐོར། བོད་ཀྱི་མི་བརྒྱུད་སྤྲེའུ་དང་བྲག་སྲིན་མོ་ནས་ཆད་པའི་སྐོར། བོད་རྒྱལ་པོའི་གདུང་རབས་དང་པོ་ཇི་ལྟར་བྱོན་པ་བསྟན་པའི་སྐོར། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ལ་འོད་ཟེར་བཞི་འཕྲོས་པ་ལས། ཆོས་རྒྱལ་འཁྲུངས་པའི་སྐོར། བློན་པོ་ཐོན་མིས་རྒྱ་གར་ནས་ཡི་གེ་བསྒྱུར་བ་ལས། རྒྱལ་པོས་དགེ་བ་བཅུའི་ཁྲིམས་བཅས་པའི་སྐོར། རྒྱལ་པོའི་ཐུགས་དམ་གྱི་ལྷ་རྒྱ་གར་དང་། བལ་བོའི་ཡུལ་ནས་སྤྱན་དྲངས་པའི་སྐོར། བལ་མོ་བཟའ་ཁྲི་བཙུན་གདན་དྲངས་པའི་སྐོར། རྒྱ་མོ་བཟའ་ཀོང་ཇོ་གདན་དྲངས་པའི་སྐོར། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང་། འཕྲུལ་སྣང་ར་མོ་ཆེ་རྣམས་ལེགས་པར་བཞེངས་པའི་སྐོར། ལྷ་ས་གཉིས་དང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཕན་པ་དང་བདེ་བ་འབྱུང་བའི་ཕྱིར། གཏེར་སྦས་པ་དང་བོད་འབངས་ཐམས་ཅད་ཆོས་ལ་བཀོད་པར་མཛད་པའི་སྐོར་དང་།
གཞན་ཡང་རྒྱལ་པོ་ཡབ་ཡུམ་གྱི་མཛད་པ་ཡོངས་སུ་རྫོགས་ཏེ། རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པའི་སྐོར། དབོན་སྲས་མང་སྲོང་མང་བཙན་གྱི་སྐོར། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐོར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐོར།སྲས་མུ་ནེ་བཙན་པོའི་སྐོརསྲས་མུ་ཏིག་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་གྱི་སྐོར། སྲས་ལྡེང་ཁྲིའི་སྐོར།མངའ་བདག་རལ་པ་ཅན་གྱི་སྐོར། ཁྲི་གླང་དར་མ་དབུ་དུམ་བཙན་གྱི་སྐོར། མངའ་བདག་འོད་སྲུངས་དང་མངའ་བདག་ཡུམ་བརྟན་གཉིས་ཀྱི་སྐོར། ཡུམ་བརྟན་གྱི་རྒྱལ་བརྒྱུད་རྣམས་ཀྱི་སྐོར། སླར་ཁམས་ནས་སངས་རྒྱས་ཀྱི་བསྟནཔ་དར་བའི་སྐོར། འོད་སྲུངས་ཀྱི་རྒྱལ་བརྒྱུད་རྣམས་ཀྱི་སྐོར། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་གདན་དྲངས་པའི་སྐོར། ཡ་ཚེའི་རྒྱལ་རྒྱུད་སྐོར་སོགས་ཀྱི་ལོ་རྒྱུས་ཞིབ་ཚགས་པོ་བྲིས་གནང་མཛད་ཡོད་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་སྲིད་ན་རྙེད་པ་དཀའ་བ་ཞིག་རེད་ཅེས་སྨྲ་ན་འདོད་དོ།།
No comments:
Post a Comment