Sunday, October 18, 2020

བོད་ལ་ཟློས་གར་གྱི་རྩོམ་རིག་དར་ཚུལ་ལ་དཔྱད་པ།

བོད་ལ་ཟློས་གར་གྱི་རྩོམ་རིག་ཇི་ལྟར་དར་ཡོད་ཚུལ་དང་དེ་ལ་གལ་ཆེའི་སྒྱུ་རྩལ་གྱི་རང་བཞིན་ཅི་ལྡན་སོགས་མདོར་ན་ཟློས་གར་རྩོམ་རིག་གི་སྐོར་ཤོག་ངོས་ལྔ་ཅན་གྱི་དཔྱད་རྩོམ་ཞིག་རྩོམས།


བོད་ལ་ཟློས་གར་གྱི་རྩོམ་རིག་ནི་བོད་མི་རིགས་ཆགས་པ་ནས་དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་བ་རྣལ་མ་རྣམས་ངག་ནས་བརྗོད་པ། ལུས་ཀྱི་འཁྲབ་པ། སེམས་ཀྱི་སྐྱོ་བ་རང་བཞིན་དུ་ཐོན་འོང་བ་དེ་ཉིད། རིམ་བཞིན་ཟློས་གར་གྱི་རྣམ་པའི་ལུགས་སུ་འགྱུར་བ་དང། དེ་ཉིད་སྐབས་དེའི་སྤྱི་ཚོགས་སུ་ཟློས་གར་གྱི་རྣམ་པ་བྱེད་ནས་འཁྲབ་པ་ཟློས་གར་ཞེས་པ་དེ་བྱུང་ལ་ཁྱད་པར་སྔོན་གྱི་ལོ་རྒྱུས་རྣམས་སུ་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་བསྐྱངས་པར་བཤད་ལའི་ནང་གསེས་ཀྱི་སྒྲུང་དེ་ཉིད་ད་ལྟ་ང་ཚོས་གླེང་བཞིན་པའི་ཟློས་གར་གྱི་ས་བོན་ཆགས། དེ་ནས་ཉན་བཤད་གྱེར་གསུམ་བྱེད་པ་སྒྲུང་གཏམ་དང་། ཟློས་གར་དང་འབྲེལ་ནས་ཡང་གྲགས་སུ་འབོད་ལམ་གྱི་རྣམ་ཐར། གླུ། མགུར་སོགས་ཀྱི་ལམ་ནས་རིམ་པའི་རྩོམ་རིག་གི་ངོ་བོ་དར་བ་ཡིན་ལ། དེ་དག་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྡོངས་ཏེ་རང་བྱུང་ཁམས་ལས་རྣམ་པ་རྒྱལ་ཐབས་ཀྱི་བརྩོན་སེམས། གནའ་དུས་གྲལ་རིམ་མཐོ་དམན་གྱི་འཐབ་རྩོད། འཚོ་གནས།དབང་བསྒྱུར་བར་ངོ་རྒོལ། ཕོ་མོའི་དབར་བརྩེ་འདང་། དད་མོས་ཡིད་ཆེས། རང་བྱུང་ཁམས་སོགས་ལ་བསྟོད་སྨད་ཀྱི་ཚིག་དང་རྣམ་འགྱུར་ཟློས་གར་གྱི་ལམ་ནས་འཁྲབ་སྟོན་རྣམ་པ་ཆགས་པ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་སོགས་གསལ་སྟོན་བྱེད་ཐུབ་པའི་སྒྱུ་རྩལ་ཉམས་ཕུན་སུམ་ཚོགས་པ་ལྡན་པ་རེད་ཅེས་བརྗོད་ཆོག ། 


 

༢༽ ཟློས་གར་རྩོམ་རིག་སྐོར། 


ལུས་ཀྱི་སྒེག་ཉམས་དང་ནི་ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར།།

ངག་ལ་དབང་འབྱོར་སྙིང་དུ་སྡུག་པའི་ཚངས་སྲས་ལྷ་མོ་དབྱངས་ཅན་མ།།

ཡིད་ཀྱི་དབང་པོ་བདག་ལ་གཏད་ནས་རྩོམ་ཡིག་བྲིས་པའི་གྲུ་གཟིངས་ལ།།

མ་གཡེང་མ་གཡེང་སྐྱ་བ་ལ་བརྟེན་ཅི་ནས་རམ་འདེབས་མཛད་དུ་གསོལ།། 

ཞེས་ལྷ་མོ་དབྱངས་ཅན་མ་ལ་རམ་འདེབས་ཀྱི་གསོལ་བ་འདེབས་པ་འདིར་སྔོན་དུ་དྲངས་ནས་བོད་ཀྱི་ཟློས་གར་རྩོམ་རིག་སྐོར་ལ་རྩྭ་རྩེ་ཟིལ་བ་ཙམ་གྱི་བརྗོད་པའི་ལས་ལ་འཇུག་པ་བྱའོ། ། དེ་ཡང་དང་པོ་བོད་ཀྱི་ཟློས་གར་རྩོམ་རིག་སྐོར་ལ་རྩ་བའི་ས་བཅད་བཞིའི་སྒོ་ནས་བཤད་པ་བྱ། 

དང་པོ། ཟློས་གར་གང་འདྲ་བྱུང་སྟངས།  

གཉིས་པ། ཟློས་གར་འཕེལ་རྒྱས་དང་རྩོམ་རིག་དར་ཚུལ། 

གསུམ་པ། མི་རིགས་གཞན་གྱིས་ཟློས་གར་གྱིས་ཤུགས་རྐྱེན། 

བཞི་པ། ད་ལྟ་ཟློས་གར་རྩོམ་རིག་དང་མཇུག་བསྡུས་བ།

 

དང་པོ། ཟློས་གར་གང་འདྲ་བྱུང་བ།


བོད་ཀྱི་ལུང་གཤོངས་འདིར་བོད་མི་རིགས་ཀྱི་འགྲོ་བ་བྱུང་བ་ནས་མི་རིགས་དེའི་ཉིན་ཞག་ཕྲུགས་ཅིག་ལ་བྱེད་སྒོ་རྣམ་གསུམ་དགའ་སྐྱོ་ཁྲོ་ཆགས་ཀྱི་ངང་ནས་འཚོ་བ་སྐྱེལ་ལ་དགའ་ནས་དགོད་པ་དང་། སྐྱོ་ནས་ངུ་འཆོར་བ། ཁྲོ་ནས་སྣ་བརྙས་པ། ཆགས་ནས་སེམས་འཁྲེང་པ་སོགས་རང་བཞིན་ཀྱི་ཚོར་བ་མིན་འདྲ་བ་བྱུང་ཡོད། དེ་དག་རིམ་བཞིན་ཉན་བཤད་གྱེར་གསུམ་གྱི་ལམ་ནས་བྱས་ཤིང་ལུས་ནས་འཁྲབ་པ། ངག་ནས་གྱེར་པ། རྣ་བའི་ཉན་པ་སོགས་བྱེད་ནས་གར་གྱི་རྣམ་པ་ཆགས། དེ་དག་ཡང་ནས་ཡང་དུ་འཁྲབ་སྟོན་བྱེད་པ་ཟློས་གར་གྱི་རྣམ་པ་ཆགས། དེ་ནས་བོད་ཀྱི་སྤྱི་ཚོགས་སུ་རྒྱལ་པོས་ཆབ་སྲིད་བཟུང་དུས་སྒྲུང་བོན་ལྡེའུ་གསུམ་གྱི་བསྐྱངས། དེ་ནས་སྒྲུང་དེ་ཉན་བཤད་གྱེར་ཆེས་དར་ཁྱབ་ཕྱིན་པ་སྒྲུང་དེ་ཟློས་གར་གྱི་ས་བོན་ལྟ་བུ་བྱུང་།  དེ་ནས་ཉན་བཤད་དང་འབྲེལ་ནས་གཏམ་བརྗོད་ཟློས་གར་སོགས་དར་རྒྱས་སུ་ཕྱིན། དེ་ནས་རྣམ་ཐར་དང་རྟོགས་བརྗོད་སོགས་ཀྱི་རིགས་དར་ཆེ་བ་སྟེ། ཆེས་སྔ་མོའི་སྐབས་བོདས་རང་ནས་དར་བའི་མ་སང་གི་སྒྲུང་། མཆིལ་བའི་སྒྲུང་། གཞན་ཡང་སྤྲེའུ་དང་རི་བོང་གི་སྒྲུང་། བྱ་སྤྲེལ་གི་གཏམ་རྒྱུད། གླིང་གེ་སར་གྱི་སྒྲུང་དང། རོ་ལངས་གསེར་འགྱུར་གྱི་སྒྲུང་སོགས་ཡོད། དེ་དག་གིས་སྤྱི་ཚོགས་གང་རུང་གི་ཚབ་མཚོན་དུ་རུང་བའི་དམིགས་བསལ་དོན་སྙིང་ཁག་ཅིག་མི་རབས་རིམ་བརྒྱུད་ཀྱིས་ཉམས་ལེན་དང་དར་སྤེལ་ཞུ་སྒོའི་ནང་གོ་གནས་ཀྱང་གལ་ཆེན་བཟུང་ཡོད། གཞན་ཡང་། ཟློས་གར་བྱུང་རིམ་ལ། ཟློས་གར་ནི་སྔོན་བྱུང་གི་གཏམ་ལྟ་བུའི་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ། ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་དང་དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང། ལྷའི་རྗེས་སུ་སྐྱེས་པ་དང་། དྲང་སྲོང་གི་རྗེས་སུ་སྐྱེས་པ། བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་དང་། ལྷ་དང་ཀླུ་དང་དྲི་ཟ་དང་། ནམ་མཁའ་ལྡིང་དང། གནོད་སྦྱིན་དང་མི་དང་མི་མ་ཡིན་པ་སོགས་ཀྱི་སྒོ་གསུམ་གྱི་རྣམ་པ་མི་འདྲ་བ་གར་གྱི་རྣམ་པའི་ཡང་ནས་ཡང་དུ་ཟློས་ནས་འཁྲབ་སྟོན་རིམ་པ་བྱུང་བ་ནའོ། དེ་ནས་ཟློས་གར་གྱི་རྩོམ་རིག་ཀྱང་ལྷན་དུ་དར་བ་ཡིན་པ་བཤད་ལ། ཁྱད་པར་དུ་འཇམ་མགོན་བླ་མ་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་གྱིས་གསན་པའི་གཟུས་ཀྱི་ཉི་མ་དང་བྷ་ར་ཏ་སོགས་དང་། གོང་དུ་བཤད་པ་ལྟར་མ་སང་གི་སྒྲུང་སོགས་གསར་རྩོམ་གྱིས་ཟློས་གར་རྩོམ་རིག་དར་འཕེལ་བྱུང་བ་ཡིན་ཟེར་ཆོག


གཉིས་པ། ཟློས་གར་འཕེལ་རྒྱས།  


བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་ནས་ལྷ་ཐོ་ཐོ་རི་བར་སྤྱི་བསྡོམས་རྒྱལ་རབས་ལོ་ཡུན་དྲུག་བརྒྱ་ཉི་ཤུ་ཐམ་པ་སོང་བའི་རིང་། བོད་ཀྱི་ཆབ་སྲིད་ནི་སྒྲུང་དང་། ལྡེའུ། བོན་གསུམ་གྱིས་བསྐྱངས་བ་ནས་བཟུང་བོད་ལ་ཟློས་གར་དངོས་སུ་དར་འགོ་བརྩམས་པ་རེད་ཅེས་ཡོངས་གྲགས་སུ་བཤད་ལ། སྐབས་དེའི་སྒྲུང་ནི་དེང་སྐབས་ཟློས་གར་གྱི་ས་བོན་ལྟར་བུ་ཡིན་ཟེར། དེ་ནས་ཟློས་གར་རིག་གནས་དར་བ་ནི་རིག་གནས་ཀུན་ལས་དར་སྔ་ཤོས་ཡིན་ལ་འཕེལ་རྒྱས་སྔ་ཤོས་དེ་ཡིན། དེ་ནས་བོད་ལ་སྐབས་དེར་དུས་ཀྱི་སྤྱི་ཚོགས་རྣམ་པ་དང་འཕོ་འགྱུར། དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་བ་དེ་དག་རྩོམ་ཡིག་གི་ལམ་ནས་དར་སྤེལ་བཏང། དེ་ནས་བོད་རང་གི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ཁ་ཤགས་དང་མགུར་གླུ་སོགས་དར་བ། དེ་དག་རྩོམ་པོ་ག་གེ་མོས་རྩོམ་རིག་གི་ལུགས་སུ་བྱེད་ནས་བྲིས་པ། བོད་རང་གིས་བྲིས་པ་གོང་དུ་བཤད་པ་དེ་དང་། ཕྱིས་སུ་ལེགས་སྦྱར་ལས། བོད་སྐད་དུ་བསྒྱུར་བ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར། རང་རེ་སྟོན་པའི་མཛད་རྣམ་དང་བླ་མ་དག་གི་རྣམ་ཐར་གྱི་རིམ་པ་མང་པོ་ཡིག་ལམ་དུ་བཀོད་པ། བླ་མ་གྲུབ་པ་མང་པོས་ཡིག་ངག་གཉིས་ཐད་ཀྱི་གཏམ་བརྗོད་སྣ་ཚོགས་སོགས་ལྷ་ཆོས་དགེ་བའི་བླང་དོར་སོགས་དང་། མི་ཆོས་ནང་གི་ཆ་ནས་བཤད་ནའང་། སྐུ་དྲག་དང་གཞུང་ཞབས་དབར་དབང་ཆ་འཐབ་རྩོད། སྤྱི་ཚོགས་ཀྱི་ཁ་ཕྱོགས། ཕོ་མོའི་བར་བརྩེ་འདང་སོགས་ཉན་བཤད་གྱེར་གསུམ་གྱི་ལམ་ནས་ཟློས་གར་བྱུང་ལ་དེ་དག་རིམ་པའི་འཕེལ་རྒྱས་ཆེ་བ་དང་ལྷན་དུ་རྩོམ་རིག་གི་རྣམ་པ་ཡང་ཆེས་དར་ཁྱབ་ཏུ་ཕྱིན། དེ་ནས་རྒྱ་གར་ནས་ཟློས་གར་གྲགས་ཆེ་བ་སོགས་བོད་སྐད་དུ་ཕབ་བསྒྱུར་བྱེད་པའོ།། གཞན་ཡང་། བོད་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བསྐྲུན་པའི་ལྕགས་ཟམ་འཛུགས་ནས་དགའ་སྟོན་སྐབས་སུ་ལྷ་མོ་འཁྲབ་སྟོན་བྱས་པའི་དེ་ནས་ལྷ་མོ་འཁྲབ་སྟོན་རིམ་པའི་དར་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ནང་ལྷ་མོ་འཁྲབ་གཞུང་གི་རྩོམ་རིག་ཆེ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད། ད་ལྟའི་བར་དུ་མི་ཉམས་རྒྱུན་འཛིན་བྱུང་ནས་དར་སྤེལ་བཏང་དང་གཏོང་བཞིན་པ་ཡིན་ལགས། 


གསུམ་པ། མི་རིགས་གཞན་གྱིས་ཟློས་གར་གྱིས་ཤུགས་རྐྱེན།


དུས་རབས་བདུན་པའི་ནང་བོད་འདིར་ནང་པའི་བསྟན་པ་རིན་པོཆེ་དར་བ་ནས་ཁྱད་པར་འཕགས་བསྟོད་དང་བསྔགས་འོས་བསྔགས་བསྟོད། སྐྱེས་རབས་སོ་བཞི་པ་དང་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་དྲུག་བཅུ་རྩ་བཞི་པ་ནོར་བཟང་གི་རྟོགས་པ་བརྗོད་པ་ལས་འཕྲོས་ཏེ་ཆོས་རྒྱལ་ནོར་བཟང་གི་ཟློས་གར། ཡལ་འདབ་དྲུག་ཅུ་རྩ་བརྒྱད་པ་པདྨ་ལྡན་གྱི་རྟོགས་པ་བརྗོད་པ་ལས་འཕྲོས་ཏེ་གཟུགས་ཀྱི་ཉི་མའི་ཟློས་གར། གཞན་ཡང་དཔག་བསམ་འཁྲི་ཤིང་དང་མདོ་མཛངས་བླུན། སྐྱེས་རབས་སོ་བཞི་པ་སོགས་ལས་ཕར་ཕྱིན་གྱི་སྤྱོད་པ་དང་འབྲེལ་བའི་རྟོགས་བརྗོད་པ་མང་པོ་ཞིག་གཞི་ལ་བཞག་སྟེ་དྲི་མེད་ཀུན་ལྡན་གྱི་ཟློས་གར་དང་། དེ་བཞིན་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཞེ་བརྒྱད་པ་དོན་ཀུན་གྲུབ་པའི་རྟོགས་བརྗོད་པ་སོགས་ལས་སངས་རྒྱས་ཀྱི་མདད་འཕྲིན་ཁག་ཅིག་བསྡུས་ཏེ་སྲས་དོན་ཡོད་དོན་གྲུབ་ཀྱི་ཟློས་གར། པདྨ་བཀའ་ཐང་ལས་བཏོན་པ་པདྨ་འདོ་འབར། མ་ཎི་འབཀའ་འབུམ་ལས་བཏོན་པ་རྒྱ་བཟའ་བལ་བཟའི་ཟློས་གར་སོགས་བོད་བསྒྱུར་བྱེད་པ་དང་དར་རྒྱས་སུ་ཕྱིན་པ་ནས་བོད་ཀྱི་ཟློས་གར་རྩོམ་ཡིག་ལ་ཤུགས་རྐྱེན་ཆེས་བྱུང་ཡོད། དེ་དག་གི་འཐུས་བོད་ཀྱི་སྤྱིི་ཚོགས་ཀྱི་ངོ་བོ་མཚོན་པའི་གཏམ་རྒྱུད་མང་པོ་རྩོམ་རིག་གི་རྣམ་པའི་སྒྱུ་རྩལ་སྣ་ཚོགས་རི་མོའི་ལམ་ནས་མངོན་མཚོན་གྱི་རིམ་པ་བྱུང་། དེ་ནས་གཏམ་རྒྱུད་དང་བསྡོངས་པའི་སྒྱུ་རྩལ་རིག་གནས་ཡོད་པ་དེར་གཟིགས་མོའམ་ལྟད་མོའི་རང་བཞིན་གྱི་ངོ་བོར་འཕོས་འགོ་ཚུགས་ཤིང་། ང་ཚོས་སྒྱུ་རྩལ་རིག་གནས་གོང་སྤེལ་དང་གཞི་རྒྱ་ཆེར་བསྐྱེད་བྱེད་ཅིང་། བོད་ཀྱི་དམངས་ཁྲོད་དུ་ཟློས་གར་གྱི་རྣམ་པ་འཁྲབ་སྟོན་བྱེད་རྒྱུའི་རྣམ་པའི་ལུགས་སུ་ཆགས་པ་ཡིན་ནོ།།


བཞི་པ། ད་ལྟ་ཟློས་གར་རྩོམ་རིག་གི་འཕེལ་ཁ། 


བོད་ལ་ཟློས་གར་གྱི་རྩོམ་རིག་དར་བ་ནས་བཟུང་ད་བར་ཟློས་གར་གྱི་རྩོམ་རིག་དབྱར་ཁའི་མཚོ་དང་ཤ་མོ་སྤང་ལ་བརྡོལ་བ་བཞིན་དུ་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་སྔར་གྱི་ལོ་རྒྱུས་དག་ལས་ཤེས་ཐུབ། སྔོན་ནས་བོད་རང་དུ་བོད་ཀྱི་ཟློས་གར་གྱི་རྩོམ་རིག་དར་བྱ་བྱུང་བ་དང་ཕྱིས་སུ་རྒྱ་གར་ནས་ཕར་བསྒྱུར་བྱས་པའི་ཟློས་གར་རིག་པའི་རྣམ་གཞག་གིས་ཤུགས་རྐྱེན་ལ་བརྟེན་ནས་བོད་ལ་ཟློས་གར་ཤིན་ཏུ་དར་ཁྱབ་བྱུང་ཡོད།  དེ་ཡང་། རྒྱ་གཞུང་གི་ཁོངས་དང་ལྡན་པ་དག་ལ་བོད་རང་གིས་ལེགས་བཅོས་བྱས་ནས་འཆམ་དང་། ཆོས་རྒྱལ་ནོར་བཟང་དང་། དྲི་མེད་ཀུན་ལྡན་སོགས་དང། བོད་ར་གི་ཟློས་གར་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན། སེང་ཆེན་ནོར་བུ་དགྲ་འདུལ་སྐོར་ལ་བོད་ཀྱི་ཟློས་གར་གྱི་རྣམ་པའི་ངང་ནས་འཁྲབ་སྟོན་བྱས་ཡོད། དེང་སང་བོད་ནང་དང་བཙན་བྱོལ་ནང་དུའང་བོད་ཀྱི་ཟློས་གར་འཁྲབ་རྒྱུན་མི་ཉམས་པ་འཁྲབ་བཞིན་ཡོད་ལ། ཟློས་གར་རྩོམ་རིག་གི་རྣམ་པ་ཡང་དར་རྒྱས་ཕྱིན་ནས་ཟློས་གར་ལ་དབྱེ་བའི་རྣམ་གྲངས་ལ། 


༡༽གཏམ་བརྗོད་ཀྱི་ཟློས་གར། 

༢༽གླུ་དབྱངས་ཀྱི་ཟློས་གར། 

༣༽ཞབས་བྲོའི་ཟློས་གར་བཅས་དབྱེ་བ་གསུམ་དུ་ཕྱེ་ཡོད། 


༡༽གཏམ་བརྗོད་ཀྱི་ཟློས་གར་ནི།


རྒྱལ་པོ་ནོར་བཟང་གི་འཁྲབ་གཞུང་དང་། འགྲོ་བ་བཟང་མོའི་འཁྲབ་གཞུང་། སྲས་དོན་ཡོད་དང་དོན་གྲུབ་གཉིས་ཀྱི་འཁྲབ་གཞུང་སོགས་དར་བ་མི་ཉམས་གོང་འཕེལ་དང་གསར་སྐྱེས་གཞོན་ནུ་རྣམས་ལ་འཁྲབ་གཞུང་ཁག་གི་ངོ་སྤྲོད་དང་འཁྲབ་སྟོན་སོགས་ད་ལྟ་ཡང་གནང་བཞིན་པ་ཡིན་པ་དང་དེ་དང་འབྲེལ་ནས་ཟློས་གར་རྩོམ་རིག་སྣ་ཚོགས་བོད་ཕྱི་ནང་གཉིས་ནས་དར་སྤེལ་གནང་གིན་འདུག་བསམ་མོ།།

 

༢༽ གླུ་དབྱངས་ཀྱི་ཟློས་གར་ནི།

དེང་ཕྱིས་སུ་ཧ་ཅང་གི་དར་ཁྱབ་ཆེ་བ་དང་། གླུ་དབྱངས་ཟློས་གར་གྱི་རྩོམ་རིག་འདིའི་སྐོར་རྩོམ་པ་པོ་ཆེས་མང་ལ་གླུ་དབྱངས་ཀྱི་ཚིག་མང་། ད་ལྟ་བོད་ཕྱི་ནང་གཉིས་ནས་གླུ་དབྱངས་སམ་མིང་གཞན་རྐྱང་གཞས་གཏོང་མཁན་ཕོ་མོ་དབྱེ་མེད་རིས་སུ་མ་ཆད་པ་ཤ་མོ་སྤང་ལ་བརྡོལ་བ་བཞིན་ཡོང་དང་ཡོང་བཞིན་པ་འདི་རེད། གླུ་དབྱངས་ཀྱི་ཟློས་གར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཀྱི་གར་སྟེགས་ས་ཁྱོན་ཆེན་པོ་ཞིག་བཟུང་ཡོད། གླུ་དབྱངས་ཟློས་གར་རྩོམ་རིག་གི་ངོས་ནས་བཤད་ན་ཆེས་ས་ཁྱོན་ཆེན་པོ་བྱུང་ཡོད། གླུ་དབྱངས་ཟློས་གར་རྩོམ་རིག་ལ་ཆེད་ལས་མཁས་པའི་འཕེལ་ཁ་ཇེ་ཆེ་ནས་ཇེ་ཆེ་འགྲོ་བཞིན་པ་འདི་དོན་བདེན་རེད། བཙན་བྱོལ་ནང་དུའང་ཆ་མཚོན་ན་གླུ་དབྱངས་ཟློས་གར་ཐོག་ཆེད་ལས་གཉེར་ནས་མི་ཚེ་བསྐྱལ་མཁན་ཇེ་མང་དུ་འགྲོ་བཞིན་པ་དེ་རེད། གླུ་དབྱངས་གྱེར་འདོན་གནང་མཁན་ཕོ་མོ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་རེད། གླུ་དབྱངས་གྱེར་འདོན་གྱི་ཡི་གེ་རྩོམ་རིག་ནི་བོད་ཀྱི་སྤྱི་ཚོགས་ནས་བརྒྱ་ཆ་དགུ་བཅུ་ཟིན་ཡོད་ལ་དེ་འདྲའི་རྩོམ་རིག་འཕེལ་ཁ་ཤིན་ཏུ་ཆེན་པོ་བྱུང་ཡོད།

 

༣༽ ཞབས་བྲོའི་ཟློས་གར།


བོད་ཀྱི་ཡུལ་ལུང་གང་དུ་བོད་མི་འདུས་སྡོད་བྱེད་སར་ཞབས་བྲོའི་ཟློས་གར་དར་འཕེལ་ཤིན་ཏུ་ནས་ཆེན་པོ་བྱུང་ཡོད། བོད་ནང་དུ་ཆ་མཚོན་ན་བོད་ཀྱི་ཟློས་གར་ཁང་མདོ་དབུས་ཁམས་གསུམ་ལ་ཡོད་ལ་ཞབས་བྲོའི་ཟློས་གར་འཁྲབ་སྟོན་པ་རྒན་བྱིས་དར་གསུམ་ཉིན་རེ་ནས་ཉིན་རེ་རྗེས་འཛིན་པ་བྱུང་དང་འབྱུང་བཞིན་ཡོད། ཞབས་བྲོའི་ཟློས་གར་ཧ་ཅང་ཚད་མཐོ་པོ་མི་རིགས་ཤིག་གི་ངོ་བོ་མཚོན་པའི་ཟློས་གར་དང་འཁྲབ་སྟོན། ཞལ་དགོད། སྒྱུ་རྩལ་གྱི་ཚོར་བ་དངོས་མཚོན་པའི་འཁྲབ་སྟོན་སོགས་ཧ་ཅང་སྤུས་ལེགས་དང་རིན་ཐང་ཆེན་པོ་ཆགས་བསྡད་ཡོད།

བཙན་བྱོལ་ནང་དུ་མ་མཚོན་ན་གསར་སྐྱེས་གཞོན་ནུ་རྣམས་ཀྱི་ཟློས་གར་འཁྲབ་གཞུང་ལ་གོ་རྟོགས་སྤེལ་ས་བོད་ཀྱི་ཟློས་གར་ཁང་ཕྱི་ལོ་༡༩༥༩ཟླ་བ་༨པའི་ཚེས་༡༡ཉིན་གསར་འཛུགས་གནང་། དེ་ནས་རིམ་པའི་ཚོགས་མི་༢༦ བྱུང་བ་ནས་ད་བར་མི་གྲངས་སོགས་ཧ་ཅང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་ལྟ་ཞབས་བྲོའི་ཟློས་གར་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཚད་གཞི་མཐོ་པོ་བྱུང་ཡོད། མི་མང་སྟོང་ཕྲག་མང་པོའི་དགའ་འབོད་བྱུང་ལ་ཟློས་གར་ཞབས་བྲོའི་བརྙན་སྡེར་ལོ་རེ་རེ་རེ་འདོན་སྤེལ་གནང་གི་ཡོད། མ་ཟད་དེང་སང་སློབ་གྲྭ་ཁག་དང་བོད་མི་འདུས་བསྡད་གནང་སའི་ས་གནས་ཁག་ཏུ་ཞབས་བྲོའི་ཟློས་གར་འཁྲབ་དང་འཁྲབ་བཞིན་པ་ཡིན། དེ་དང་འབྲེལ་ནས་བཙན་བྱོལ་ནང་ཟློས་གར་གྱི་རྩོམ་རིག་གང་མང་དར་སྤེལ་བྱུང་ཡོད། དེ་འདྲའི་བརྩམས་བདེ་མི་ཉུང་བ་ཞིག་མིག་ལམ་དུ་འཆར་རྒྱུ་ཡོད། 

 

མཇུག་བསྡུས་བ། 


བྱང་ཕྱོགས་ཁ་བ་རིག་པའི་རིག་གཞུང་རྣམས།། མིི་ཉམས་གོང་འཕེལ་གཏང་སའི་ཟློས་གར་གཞུང་།།

རྒྱུན་འཛིན་ཕྲེང་བ་གསར་སྐྱེས་ཡོང་གང་ནས།། རྟག་ཏུ་མི་ཉམས་སླར་ཡང་གོང་འཕེལ་ཤོག། 


ཅེས་བཀྲ་ཤིས་པའི་ཚིག་བཅད་འདིའི་མཐར་ཟློས་གར་གྱི་རྩོམ་རིག་སྒྱུ་རྩལ་རང་བཞིན་ལྡན་པ་འདི་ཉིད། མི་ཉམས་གོང་འཕེལ་ཅི་ནས་ཡོང་བའི་སྨོན་ལམ་གྱིས་མཚམས་སྦྱོར་བགྱིས་ཏེ་མཇུག་བསྡུས་སོ།། །།

No comments: