རྩོམ་པ་པོ། སློབ་དཔོན་ནག་མོ་ཁོལ།
སྟོན་ཟླ་རབ་རྒྱས་ཀུ་མུད་དུང་དང་ཆུ་ཤེལ་གངས་རི་ལྟར་དཀར་བ།།
རབ་དཀར་དཀར་གསལ་གཟི་ལྡན་ཡིད་འཕྲོག་ལྷ་མོ་དབྱངས་ཅན་ལ་ཕྱག་འཚལ།།
བདག་བློའི་མི་ཤེས་གཏི་མུག་རྨོངས་པའི་ཉེས་ཚོགས་ཀུན་ནས་འཇོམས་པ་དང་།།
སྨྲ་ངན་སུན་འབྱིན་ཐོགས་མེད་ཀུན་གཟིགས་སྤོབས་པའི་གཏེར་མཆོག་རྒྱས་པར་མཛོད།།
སྒྲིབ་གཉིས་སྤྲིན་བྲལ་བློ་གྲོས་འོད་ཟེར་སྟོང་ལྡན་རབ་ཏུ་འཆར་ཀ་ཡི།།
ཉི་མའི་ཟེར་གྱིས་གདུལ་བྱའི་པདྨོ་རབ་དུལ་ཁ་འབྱེད་རྣམ་རྒྱས་པས།།
རབ་ཏུ་དྲི་ཞིམ་བསིལ་ངད་དང་ལྡན་པདྨོའི་ཟེའུ་འབྲུའི་ངོས་དག་ལ།།
བདག་བློས་གུས་པས་འཐུངས་པས་བློ་གྲོས་ཆེར་རྒྱས་སྦྲང་རྩིས་འགྲོ་རྣམས་སྐྱོང་།།
གསེར་གྱི་རི་དང་ཀུན་མཁྱེན་ཆུ་གཏེར་ལྟ་བུར་ཀུན་ནས་ལྷུན་ཆགས་པ།།
རྩོད་པའི་ཕྱེ་མ་ལེབ་དང་བདུད་སྡེ་དུས་ཀྱི་རླུང་གི་བསྐྱོད་མ་ཡིན།།
བཅུ་དྲུག་ན་ཚོད་ལྟ་བུའི་བུ་མོ་རབ་མཛེས་སྒེག་པའི་ཉམས་དང་ལྡན།།
ལྷ་ཡི་རྒྱན་རྣམས་དུ་མས་ཁྱོད་ཀྱི་ལུས་དང་ཡན་ལག་མཛེས་པ་ཡིས།།
ཆུ་གཏེར་འགྲམ་གནས་མགྲིན་སྔོན་དགའ་བསྐྱེད་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མ།།
ཁྱོད་ལ་ཕྱག་འཚལ་བརྩེ་བས་བདག་བློའི་མི་ཤེས་མུན་པ་མྱུར་དུ་སོལ།།
རབ་ཏུ་སྙན་པའི་དབྱངས་ལྡན་དྲི་ཟའི་བུ་མོ་རབ་མཛེས་ཡིད་འཕྲོག་མ།།
ལག་གི་འདུ་བྱེད་རབ་ཏུ་བསྒྱུར་བས་ཚངས་པའི་གསུང་དབྱངས་རྣམ་འབྱུང་བས།།
སྒྲ་དང་ཚད་མ་སྙན་དངགས་མངོན་བརྗོད་སྡེབ་སྦྱོར་ལེགས་བཤད་ཆོས་རྣམས་ཀུན།།
ཕ་རོལ་ཡིད་འཕྲོག་མཛེས་པའི་ནུས་པ་ཅི་ཕྱིར་བདག་ལ་མི་སྩོལ་ལགས།།
ཁྱོད་ཀྱི་ཐུགས་ནི་ཀུན་ཏུ་མི་གཡོ་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ།།
ཐུགས་རྗེའི་རླབས་ཤུགས་དྲག་ཏུ་བསྐྱེད་པས་འགྲོ་བའི་གདུང་བ་རབ་ཏུ་སོལ།།
དབང་གི་རྒྱལ་པོའི་འབྱུང་གནས་ཡིད་བཞིན་རེ་སྐོང་དབྱངས་ཅན་རྒྱ་མཚོ་ཡིས།།
རྨོངས་པའི་གདུང་བས་གདུངས་པའི་སྐྱེ་བོ་རེངས་བར་སྐྱོབ་པ་དང་།།
གཏི་མུག་དག་གི་བློ་དམན་སྐྱེ་བོའི་རེ་བ་མྱུར་དུ་སྐོངས།།
བདག་བློའི་ཀུ་མུ་དེ་ནི་རབ་ཏུ་ཁ་ཟུམས་རྣམ་པར་གནས་པ་ལ།།
བསིལ་ཟེར་བྱེད་པ་རབ་ཏུ་སྦྲིན་བྲལ་དཀྱིལ་འཁོར་རྣམ་པར་རྒྱས་པ་ཡིས།།
ཀུ་མུད་ཁ་ཕྱེ་རབ་རྒྱས་ཟེའུ་འབྲུ་བསིལ་དངར་རྣམ་པར་སྤེལ་བར་མཛོད།།
རབ་ཏུ་དྲི་བྲལ་སྐྱོན་གྱི་དྲི་མས་མ་ཕོག་མ་འགགས་ཁྱོད་ཀྱི་སྐུ།།
ཀུན་ཏུ་ཚངས་པའི་དབྱངས་ཅན་ཅ་ཅོའི་དྲི་བྲལ་ཁྱོད་ཀྱི་གསུང་།།
ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་ཁྱོད་ཀྱི་ཐུགས།།
བསྟོད་པ་འདི་ཡིས་བསྟོད་ལ་དབྱངས་ཅན་མ་ཡིས་བློ་གྲོས་མཆོག་རབ་སྩོལ།།
དབྱངས་ཅན་གྱི་བསྟོད་པ་འདི་ནི། ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་མཁས་ཆེན་པཎྟི་ཏ་ནག་མོ་ཁོལ་གྱིས་དབྱངས་ཅན་མ་ཞལ་གཟིགས་པའི་དུས་སུ་དགྱེས་ཏེ་བསྟོད་པ་རྫོགས་སོ།།
No comments:
Post a Comment