Friday, January 08, 2021

བོད་བཙན་པོའི་སྲིད་དབང་ཐོར་ཚུལ་དང་། རྒྱལ་རྒྱུད་ཁག །

བོད་བཙན་པོའི་སྲིད་དབང་ཐོར་ཚུལ་དང་། བོད་སིལ་བུའི་སྐབས་ནང་བསྟན་དར་རྒྱས་ཤུགས་ཆེ་བྱུང་ཚུལ་བཅས་ངོས་བཟུང་སྟེ། མངའ་རིས་རྒྱལ་རྒྱུད་དང་། མི་ཉག་རྒྱལ་རྒྱུད་གཉིས་ལོ་རྒྱུས་གང་རྒྱས་བྲིས།


བོད་བཙན་པོའི་སྲིད་དབང་ཐོར་ཚུལ་སོགས་ཞིབ་བྲི་བྱེད་པ་ལ་རྩ་བའི་ས་བཅད་འགའ་ཤས་ཀྱི་ངོས་ནས་བཤད་པ་ལ། དེ་ཡང་།

༡༽ བོད་བཙན་པོའི་སྲིད་དབང་ཐོར་ཚུལ་དང་། 

༢༽བོད་སིལ་བུའི་སྐབས་ནང་བསྟན་དར་རྒྱས་ཤུགས་ཆེ་བྱུང་ཚུལ།

༣༽ མངའ་རིས་རྒྱལ་རྒྱུད་དང་། 

༤༽ མི་ཉག་རྒྱལ་རྒྱུད་ཀྱི་ལོ་རྒྱུས།

༡༽ བོད་བཙན་པོའི་སྲིད་དབང་ཐོར་ཚུལ།

གདོང་དམར་བོད་ཀྱི་བཙན་པོའི་གདུང་རྒྱུད་གངས་ཅན་ཞིང་འདིར་ཆགས་པ་ནས།།

རྒྱལ་པོ་རིམ་བྱོན་གཟི་བརྗིད་དང་ནི་མངའ་ཐར་ཆགས་འཇིགས་དར་རྒུད་སོགས།།

དོན་དངོས་ཅི་ཡིན་བདེན་རྫུན་དབྱེ་འབྱེད་ལོ་རྒྱུས་དེབ་ཕྲེང་དུ་མ་ལས།།

བཙན་པོའི་གདུང་རྒྱུད་ཆབ་དཔལ་རིག་གསུམ་དེབ་ཐེར་བསྔོག་ན་གསལ་བ་ཤེས།།

ཞེས་བོད་བཙན་པོའི་གདུང་རྒྱུད་ཀྱི་སྲིད་དབང་ཐོར་ཚུལ་ཇི་ལྟར་ཡིན་གསལ་བར་འབྲི་བ་ལ། 


༡༽ གྲལ་རིམ་འཐབ་རྩོད་དང་ཆོས་ལུགས་འཐེན་འཁྱེར་བྱེད་པའི་རྐྱེན།


བོད་བཙན་པོའི་གདུང་རྒྱུད་དར་རྒུད་གང་བྱུང་ཡོད་མེད་ནི་ང་ཚོའི་རང་ལྟ་མཆོག་འཛིན་ནས་བཤད་པ་མ་ཡིན་པར་རྒྱལ་རབས་ལོ་རྒྱུས་དེབ་ཐེར་དག་ལས་ཁ་གསལ་པོ་གྲགས་པ་ཞིག་རེད། དེང་ཡང་གུས་པའི་མིག་སྔར་བཀླགས་ཟིན་པའི་ལོ་རྒྱུས་ཡོད་དོ་ཅོག་གི་ཚིག་ཟུར་དུ་ལྷ་སྲས་དར་མ་འུ་དུམ་བརྟན་གྱིས་སྲིད་དབང་བཟུང་སྐབས་སུ་བོད་ཀྱི་སྤྱི་ཚོགས་སྟེང་གྲལ་རིམ་འཐབ་རྩོད་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དགུང་ལ་ཉི་མ་ཤར་བ་ལྟར་ཤུགས་ཆེ་ཡོད་པ་ནི་ཁ་གཅིག་གྲགས་ལྟ་བུ་རེད། རྒྱལ་པོ་འདི་ཡིས་བསྟན་པ་བསྣུབས་ཞེས་པ་རྒྱལ་རབས་དང་ཆོས་འབྱུང་རྣམས་ལས་ཁུངས་རྙིང་ཤོས་ན་<<སྦ་བཞེད་ཞབས་བཏགས་མ་>>སོགས་ཕྱོགས་གཅིག་གིས་ལྟ་སྟངས་ལ་གཞི་བཅོལ་ནས་བཤད་ན། བཙན་པོ་ཡིས་ཆོས་ལ་བརྣག་པའི་བློན་པོ་དེ་དག་གིས་ངན་ཇུས་ལ་གསན་ནས་ཆོས་ལུགས་ལ་སྡང་ཟུག་དང་ལྷ་སའི་གཙུག་ལག་ཁང་གི་སྐུ་རྟེན་ཇོ་བོ་ཤྭཀྱ་མུ་ནི་གཙོས་ལྷ་སྐུ་རྟེན་སྲུང་ཆག་སྐྱོན་བཏང་བ་དང་། གཙུག་ལག་ཁང་བཤས་ར་བསྒྱུར་བ། ལྡེམས་རིས་སུ་རབ་བྱུང་ཆང་འཐུང་བའི་གཟུགས་རིས་བྲིས་པ་སོགས་དང་། ཆོས་བྱེད་དགེ་འདུན་ལ་སོགས་གནོད་འཚེ་བཏང་རབས་ཡོད་པ་དེ་ཡང་། ཉང་རལ་ཉི་མ་འོད་ཟེར་གྱི་<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩའི་བཅུད>>ལས། སྒྲུབ་པ་པོ་མང་པོ་བཙན་ས་རུ་བསྐུངས་ནས་ཡིབ་པོ། །དེ་མ་ཡིན་པ་ཆོས་མཛད་རབ་བྱུང་ཚུལ་ཁྲིམས་མི་གཏོང་བ་ཀུན་བསད་དོ།། དེ་ནས་རེ་ཞིག་ན་ཡེར་པའི་ལྷ་རི་སྙིང་པོ་ན། ལ་ལ་རྟགས་མ་བསྐྱུར་བར་རི་དྭགས་རྔོན་པ་དང་ཤན་པ་ལ་བཅུག་ཅེས་དང་། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་མཛད་པའི་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ལས་ཀྱང་ལྷ་སྲས་དར་མ་མི་འབྱོན་རབས་དང་ཆོས་བསྣུབས་རབས་གསུངས། གོང་གསལ་གཉིས་སོགས་ལོ་རྒྱུས་དེབ་ཐེར་མང་པོའི་དོན་དག་སྙིང་པོ་དྲིལ་ན་སྐབས་དེ་དུས་ཆོས་ལུགས་ཀྱི་འཐེན་འཁྱེར་ཤུགས་ཆེན་ཡོད་པ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆབ་སྲིད་ནང་འཛུལ་ནས་བོད་བཙན་པོའི་གདུང་རྒྱུད་ཕངས་པ་ཞིག་ལ་ངོས་འཛིན་མ་བྱེད་ཐབས་མེད་ཅིག་ཆགས་སོང་། དེས་ན་བོད་བཙན་པོའི་གདུང་རྒྱུད་སིལ་བུ་འཐོར་བའམ་འདིའི་རྒྱུ་རྐྱེན་གཅིག་རེད་ཅེས་ཁ་ཚོན་བཅད་ནས་སྨྲས་བ་སྤོོབས།


<གུས་པའི་བསམ་པ་འདི་ཡང་རྒྱུ་རྐྱེན་གཅིག་ལ་དྲངས་ཆོག>ལྷ་ལུང་དཔལ་གྱི་རྡོ་རྗེ་ཟེར་བ་དེ་ལྷ་མི་གང་ཡིན་ཀྱང་ཆབ་སྲིད་རིག་པའི་ལྟ་གྲུབ་ཐོག་ནས་ཞུས་ན། ཁོང་ནི་བོད་རྒྱལ་ཁབ་དང་མི་རིགས་གཏོར་ཞིག་གཏོང་མཁན་དང་། མི་གསོད་ལག་དམར་བ་མི་རིགས་འདི་ལ་གནོད་འཚེ་ཆེ་ཤོས་དང་། མི་རིགས་འདིའི་སེམས་ཁམས་ནས་ཡལ་མི་ཐུབ་པའི་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཤོས་དེ་ཡིན།


༢༽ བཙུན་མོ་གཉིས་སམ་སྲས་གཉིས་དབར་གྱི་འགལ་ཟླ་བྱུང་བའི་རྐྱེན།


བོད་བཙན་པོའི་སྲིད་དབང་ཐོར་ཤིག་འགྲོ་བའི་རྒྱུ་རྐྱེན་སྣ་ཚོགས་ཤིག་ལོ་རྒྱུས་དེབ་ཐེར་ཁག་ནས་བཤད་ཀྱང་། གྲགས་ཆེ་བ་ནི་ཕྱི་ལོ་༨༤༢ ལ་ལྷ་ལུང་དཔལ་ཀྱི་རྡོ་རྗེས་ལྷ་སྲས་དར་མ་འུ་དུམ་བརྟན་དགུང་ལོ་ཉེར་བརྒྱད་ཐོག་སྐུ་བཀྲོངས་རྗེས་སུ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་ལ་སྲས་འོད་སྲུང་འཁྲུངས་པ་དང་། བཙུན་མོ་ཆེན་མའི་སྲས་རྫུན་དུ་གྲགས་པ་ཡུམ་བསྟན་གཉིས་སྐུ་ན་ཆུང་བ་བརྟེན། བཙུན་མོ་གཉིས་དང་དེ་གཉིས་ཀྱི་ཕྱོགས་གཏོགས་སོ་སོའི་བློན་པོ་རྣམས་བཙན་པོའི་གདུང་རྒྱུད་འཛིན་པའི་ཐད་ལ་མ་འཆམ་པར་འགལ་ཟླ་དང་འཐད་རྩོད་བྱུང་སྟེ། མངའ་བདག་འོད་སྲུང་གིས་གཡོ་རུ་བཟུང་པ་དང་། ཡུམ་བརྟན་གྱིས་དབུ་རུ་བཟུང་ནས་དབུ་གཡོ་འཁྲུག་པ་བྱས། དེ་ཡང་། བཙན་མོ་ཆུན་མའི་འཁོར་གྱི་བློན་པོ་སྐོར་ཞིག་གིས་འོད་སྲུང་ལ་ཡུམ་སྲུང་ལ་རྒྱབ་སྐྱོར་བྱས་ཏེ་སྲིད་དབང་འཛིན་བསམས་པ་དང་། བཙུན་མོ་ཆེན་མའི་འཁོར་གྱི་བློན་པོ་སྐོར་ཞིག་གིས་ཡུམ་བརྟན་སྲས་ཀྱི་རྒྱབ་ཏུ་ལངས་ནས་བཙན་པོའི་རྒྱུད་འཛིན་རྒྱུའི་རེ་བ་བཅངས་པར་བརྟེན། བཙན་པོའི་གདུང་རྒྱུད་ཕྱོགས་ཁག་གཉིས་སུ་གྱེས། དེ་དག་ཀྱང་ཁུངས་བཅོལ་ས་ནི་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>གྱི་དེབ་ཐེར་དུ་གསལ། གཞན་ཡང་། <<བོད་ཀྱི་སྲིད་དོན་རྒྱལ་རབས་གླེགས་བམ་དང་པོ་ལས།>> སྲས་གཉིས་པོ་མངའ་རིས་ལ་མ་འཆམ་པར་རྩོད་དེ་འོད་སྲུང་གི་རྒྱུད་པས་སྟོད་དང་། མངའ་རིས་ཕྱོགས་སུ་དབང་བསྒྱུར་ཞིང་། ཡུམ་བརྟན་གྱི་རྒྱུད་པས་དབུས་ཕྱོགས་སུ་དབང་བསྒྱུར། ཅེས་གསུང་པ་ལྟར། ཡུམ་བརྟན་ཕྱོགས་གཏོགས་ཀྱིས་དབུ་རུ་སྟེ་ལྷ་ས་གཙོས་པའི་ཉེ་འཁོར་གྱི་ཡུལ་ཕལ་ཆེར་བ་བཟུང་སྟེ་བཙན་པོའི་ཚུལ་དུ་བསྡད། མངའ་བདག་འོད་སྲུང་གི་ཕྱོགས་གཏོགས་རྣམས་ཡུལ་གྱར་ཏེ་གཡོ་རུ་སྟེང་དེང་གི་ལྷོ་ཁའི་ཡུལ་གྲུ་རྣམས་བཟུང་སྟེ་གནས་པ་དང་། དེའི་རྒྱུད་པ་སྨད་མདོ་ཁམས་ཕྱོགས་སུ་ཡོང་ནས་སྲིད་དབང་འཛུགས་པའོ།།  དེ་ཡང་གོང་གསལ་ལོ་རྒྱུས་དེབ་ཐེར་གཉིས་ཀྱི་ནང་དུ་ཚིག་ཟུར་མི་འདྲ་བ་ཅུང་མ་ཡོད་པ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་སྲས་གཉིས་སྐུ་ན་ཕྲ་བ་སོང་། བཙུན་མོ་གཉིས་དང་དེའི་ཕྱོགས་གཏོགས་དབར་མངའ་རིས་སྐྱོང་སྟངས་ཐད་མ་འཆམ་པ་ཞེས་དང་། སྲིད་དོན་རྒྱལ་རབས་སུ་སྲས་གཉིས་མ་འཆམ་པར་འགལ་ཟླ་བྱུང་ཞེས་ཚིག་ཟུར་མི་འདྲ་ཙམ་མཆིས་པས་དོན་དངོས་གང་ཡིན་མིན་ཁ་ཚོད་བཅད་དཀའ་བས་ད་དུང་དཔྱད་གཞི་འདུག་སྙམ། གང་ལྟར་བཙན་པོའི་གདུང་རྒྱུད་ཕྱོགས་ཁག་གཉིས་སུ་གྱེས་པས་རྒྱུ་རྐྱེན་གཅིག་ལོ་རྒྱུས་ཁག་ལས་དྲངས་སོ།།

༢༽ འབངས་མི་གྱེན་ལོག་བྱུང་བའི་རྐྱེན།

ལྷ་སྲས་གཉིས་མ་འཆམ་པ་དང་ཁྱད་པར་དུ་བཙན་པོ་སྐུ་བཀྲོངས་ཟིན་པ་ཐོས་འཕྲལ་འབངས་མི་སེར་སེམས་པ་འཁྲུག་པ་དང་། གདུང་རྒྱུད་གཉིས་མ་འཆམ་པར་ཕྱོགས་སོ་སོར་མངའ་རིས་བཟུང་ནས་བཞུགས་དུས་འབངས་རྣམས་རྗེ་ལ་མ་གུས་པས་བང་སོ་བཤིག་པ་སོགས་བྱས་པའི་རྐྱེན་ལས་བོད་སིལ་བུར་གྱུར་ཏེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར། ལུང་པ་རེ་ལ་སྡེ་དཔོན་རེ་དང། སྡེ་དཔོན་རེ་རེས་རྫོང་བཙན་པོ་རེ་བརྩིགས་ཏེ་མངའ་འབངས་ཉུང་ཟད་རེ་ལ་དབང་བྱས། རང་སྡེ་སྲུང་བའི་དམག་མི་ཉུང་ཤས་རེའང་ཉར། རང་ས་སྲུང་ནས་བསྡད། ཕྱི་ལོ་༨༥༧ནས་བཟུང་ཡུལ་མདོ་སྨད་ཕྱོགས་སུ་མགོ་བསླངས་ཏེ་བོད་ཁམས་བྱིང་ལ་འབངས་གྱེན་ལོག་གམ་ཁེང་ལོག་བྱ་བ་བྱུང་ཏེ། དང་པོ་དབའས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་ཏེ་མདོ་ཁམས་ཕྱོགས་སུ་ཁེང་ལོག་བྱས། དེ་ནས་དབུས་ཀྱི་ལྷ་སར་འབྲོ་སྦས་རུས་རྒྱུད་གཉིས་འཁྲུག་ལོང་ཡུན་རིང་བྱས་པར་བརྟེན་དབས་ལོ་ཕོ་ལོ་ཆུང་ཟེར་བས་མགོ་ཁྲིད་ནས་འོས་ལངས་བྱས་ཤིང་། ལྷོ་ཁ་ཕྱོགས་ནས་འབེ་འཟས་སྣ་དྲངས་ནས་ཞིང་བྲན་བདག་པོ་ཞང་རྗེ་གསས་སྣེ་བཙན་གྱི་མགོ་བཅད་པར་གྱུར་ལ། ཀོང་པོའི་ཕྱོགས་ནས་མཆིམས་ཀོང་མི་དྲུག་གིས་མགོ་བྱས་འོས་ལངས་བྱས་པས་ཞིང་བྲན་བདག་པོ་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་རྡུང་རྡེག་ཚ་ནན་ཕོག་པར་མ་ཟད། ཐ་ན་བོད་བཙན་པོ་གོང་མ་རྣམས་ཀྱི་བང་སོའི་ཤུལ་ཡང་མ་ལུས་པར་བརླག་པ་གྱུར། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>ལས་ཁེང་ལོག་ནས་ལོ་དགུ་པ་མེ་བྱ་ལ་ཤུད་པུ་སྟག་རྩེ་སོགས་བཞིས་གྲོས་བྱས་ནས་བང་སོ་བྲུས་ཞེས་པ་བཙན་པོའི་བང་སོ་ལའང་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་སོགས་ལ་གཞིགས་ན་འདི་ཡང་བོད་བཙན་པོའི་ཐོར་ཞིག་འགྲོ་བའི་རྒྱུ་རྐྱེན་རྣལ་མ་ཞིག་ཏུ་དྲངས་ཆོག་གོ །


༣༽ མཐའ་མཚམས་དམག་འཁྲུག་པའི་རྐྱེན།


བོད་ཀྱི་མཐའ་མཚམས་དམག་མི་སེམས་ཁམས་འཁྲུག་སྟེ་བོད་ཀྱི་མངའ་ཐང་དང་ཡུལ་མཐའི་ས་མཚམས་དམག་གི་སྟོབས་ཤུགས་ཀྱང་ཉམས་པར་གྱུར་ལ། སྔར་བོད་ཀྱི་མངའ་ཁོངས་སུ་གཏོགས་པའི་ཤར་མཐའི་ཡུལ་གྲུ་མང་པོ་རྒྱ་འོག་ཤོར་བ་དང་། ཡུལ་གྲུ་གཞན་རང་མགོ་རང་ཐོན་བྱས་ནས་ལོགས་སུ་གྱར། ཕྱི་ལོ་༨༤༢ ལོ་ལ་མདོ་སྨད་ཤར་མཐའི་ལུང་ཤན་ཕྱོགས་སུ་སོ་མཚམས་སྲུང་བའི་བོད་ཀྱི་དམག་དཔོན་ཆེན་པོ་བློན་ཁྲོམ་བཞེར་གྱིས་བཙན་པོ་བཀྲོངས་པ་དང་གདུང་རྒྱུད་ཀྱི་སྲས་གཉིས་ནང་འགལ་བྱུང་བའི་གཏམ་ཐོས་འཕྲལ། ཁོས་འབུམ་དམག་གཅིག་ལྷག་ཁྲིད་དེ་ཡུམ་བརྟན་ཕྱོགས་དང་འཐབ་འདོད་ཀྱིས་ནུབ་ཏུ་བསྐྱོད། དབུས་ཕྱོགས་ཀྱི་དམག་སྤྱི་ཆེན་པོ་ཞང་གསས་བླ་བྱ་བས་གཙོ་བྱས་ནས་དབུས་པ་དང་སུམ་པ་འ་ཞ་བཅས་ཀྱི་དཔུང་དྲངས་ནས་བློན་ཁོང་བཞེར་དང་གཡུལ་འགྱེད་དྲག་པོ་བྱས་པས་དབུས་དམག་ཕམ། དེའི་རྗེས་སུ་མདོ་སྨད་ཕྱོགས་སུ་བོད་ཀྱི་བློན་ཆེན་པོ་ཞང་པེ་པེ་བྱ་བ་ཞིག་དང་གཡུལ་འགྱེད་པས་བློན་ཆེན་པོ་ཞང་པེ་པེ་ཐབས་ཇུས་དང་བློ་རིག་འཕྲུལ་ལ་བརྟེན་ནས་བློན་ཁོང་བཞེར་དམག་ལས་ཕམ་ཞིང་ཁོ་ཡང་འཛིན་ཉེན་བྱུང་། ཕྱིས་སུ་ཁོང་གཉིས་ཕན་ཚུན་དམག་འཁྲུག་ལན་མང་བརྒྱབ་ཀྱང་རྒྱལ་ཕམ་དབྱེ་འབྱེད་མ་ཐུབ་པས། དེ་ལྟར་ཕྱོགས་གཉིས་གས་རྨ་ཙོང་ཆུ་བོའི་རྒྱུད་དུ་ལོ་ངོ་ཉི་ཤུ་ལྷག་ལ་འཁྲུག་པ་བྱས་པས་ཡུམ་མི་རྣམས་འཐབ་འཁྲུག་གི་སྡུག་བསྔལ་ཡ་ང་བའི་ནང་དུ་མི་འཚོ་ཐབས་མེད་དུ་གྱུར། དེ་ལྟ་བུ་ལ་སོགས་སོ་མཚམས་ཁག་གིས་རང་སྡེ་སྲུང་སླད་དམག་འཁྲུག་ཡང་ཡང་རྒྱག་པ་དང་བོད་ཀྱི་གཅིག་གྱུར་ཀྱི་ནུས་པ་མེད་པས་བོད་བཙན་པོའི་ཐོར་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་དུ་དྲངས་ཆོག་གོ་སྙམ།


རྩ་བའི་ས་བཅད་གཉིས་པ།

༢༽ བོད་སིལ་བུའི་སྐབས་ནང་བསྟན་དར་རྒྱས་ཤུགས་ཆེ་བྱུང་ཚུལ།


བོད་སིལ་བུའི་སྐབས་སུ་ནང་བསྟན་དར་རྒྱས་ཤུགས་ཆེ་ཕྱིན་ཡོད། དེ་ཡང་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་མཚམས་ཤེས་དགོས་པ་དེ་གལ་གནད་ཅིག་མཐོང་། དེ་ཡང་རྗེ་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་<<བོད་ཀྱི་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་>>ལས། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་མཚམས་ནི་གླང་དར་མས་བསྟན་པ་མ་བསྣུབས་པའི་སྔོན་ལ་སྔ་དར་དང་། ལྷ་བླ་མ་ཡེ་ཤེས་འོད་ནས་རིམ་བཞིན་བསྟན་པ་དར་བ་དེ་ལ་ཕྱི་དར་ཟེར་ཞེས་དང་། བསྟན་པའི་མེ་རོ་སྨད་ནས་གསོ་པ་ཡིན་གསུངས་པ་ལྟར། འགོས་ལོ་ཙྭ་བ་གཞོན་ནུ་དཔལ་གྱིས་བརྩམས་པའི་<<དེབ་ཐེར་སྔོན་མོ་>>ལས། བསྟན་པ་ཕྱི་དར་རྩ་བ་ཉིད་གང་ཡིན་བཤད་པར་བྱ་སྟེ། དར་མ་འུ་དམ་བཙན་གྱིས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆུ་བོ་རིའི་སྒོམ་གྲ་ན། གཡོར་སྟོད་ཀྱི་དམར་བན་ཤྭཀྱ་མུ་ནེ་དང་། དྲང་ཆང་མདོའི་གཡོ་དགེ་འབྱུང་དང་། རྒྱ་རབ་པའི་གཙངས་རབ་གསལ་གསུམ་གྱིས་ཀརྨ་ཤ་ཏཾ་ལ་སོགས་པའི་འདུལ་མངོན་གྱི་དཔེ་ཆ་དགོས་པ་རྣམས་སྤྱན་དྲངས་ནས། དང་པོ་སྟོད་མངའ་རིས་ཕྱོགས་དང་། དེ་ནས་ཧོར། དེ་ནས་མདོ་སྨད་སྲོ་གུ་ལུང་དུ་བྱོན་སྐབས་སུ། འབྲོ་སྟག་སྣང་ཁྲི་སུམ་རྗེ་ཞེས་པའི་བློན་པོ་དེས་ཚེ་འཕོས་ནས་ཙོང་ཁ་བདེ་ཁམས་སུ་ཆུ་ཕོ་བྱི་ལ་སྐུ་འཁྲུངས་ཏེ། ལུས་ནར་སོན་ནས་གཙང་རབ་གསལ་གྱིས་མཁན་པོ་བྱས། གཡོ་དང་དམར་གྱིས་སློབ་དཔོན་བྱས་ནས་དགེ་ཚུལ་བསྒྲུབས། མཚན་ཡང་དགེ་བ་རབ་གསལ་དུ་བཏགས་ཞེས་དང་། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་<<སྲིད་དོན་རྒྱལ་རབས་>>ལས། དམར་གཡོ་གཙང་གསུམ་མདོ་སྨད་ཕྱོགས་སུ་བྲོས་ནས་ཡོང་བའི་སྐབས་ལས་དང་སྐལ་བ་ལྡན་པ་བོན་པོ་མུ་གཟུ་གསལ་བྱ་བས་ཐོས་ཏེ་ནང་པར་བལྟར་ཕྱིན་པས་དད་པ་སྐྱེས་ཏེ་རབ་ཏུ་བྱུང་བར་ཞུས་པ་བཞིན་ཚུགས་དང་པོ་དགེ་ཚུལ་སྡོམ་པ་བླངས། ཕྱིས་ཐུགས་རབ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ད་ནས་དམར་གཡོ་གཙང་གསུམ་དང་རྒྱའི་དགེ་སློང་གཉིས་ཁ་སྐོང་མཛད་དེ་ཚིགས་ཕྱི་མའི་དངོས་པོ་དགེ་སློང་གི་སྡོམ་པ་བཞེས་ནས་བསྙེན་པར་རྫོགས། དེས་ན་མདོ་སྨད་ཕྱོགས་སུ་སྡོམ་རྒྱུད་ཡོད་པ་དབུས་སུ་ཐོས་པ་དང་དད་པ་ཅན་དང་། ལས་འཕྲོ་ཅན་དབུས་གཙང་གི་མི་བཅུ་མདོ་སྨད་དུ་བྱོན་ནས་བླ་ཆེན་ལས་བསྙེན་པར་རྫོགས། དེ་དག་གིས་འདུལ་བའི་ཆོས་མང་དུ་གསན་ནས་མཁས་པར་གྱུར། དེ་ནས་རིམ་བཞིན་སྨད་དུ་འདུལ་བའི་བསྟན་པ་ཆེ་ཆེར་དར་རྒྱས་སུ་གྱུར་བས་སྨད་འདུག་ཅེས་གྲགས་སོ། །དབུས་གཙང་གི་མཁས་པ་མི་བཅུ་སྔ་ཕྱི་བྱས་ནས་ཡར་དབུས་གཙང་དུ་བྱོན་ནས་བསམ་ཡས་སུ་ཕེབས་དུས་ཚེ་ན་ཡེ་ཤེས་རྒྱལ་མཚན་གཤེགས་ཏེ་སྲས་མངའ་བདག་ཁྲི་པས་ཞབས་ཏོག་ཞུས། དེ་ནས་རིམ་བཞིན་ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་། སྲོང་ངེ་གཉིས་བྱུང་བ་ལས། སྲས་ཁོ་རེ་རབ་ཏུ་བྱུང་སྟེ་མཚན་ལྷ་བླ་ཡེ་ཤེས་འོད་ཅེས་གྲགས། ཡེ་ཤེས་འོད་ཀྱིས་ཞང་ཞུང་གུ་གེར་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། རྗེ་རིགས་ཀྱི་བུ་ལོ་བཅུ་ལས་མར་མི་གཞོན་པ། ཉི་ཤུ་ལས་ཡར་མི་རྒན་པ་མང་པོ་ཁ་ཆེ་ཡུལ་དུ་སློབ་གཉེར་ལ་བཏང་། ལོ་ཙྭ་བ་རིན་ཆེན་བཟང་པོ་དང་། ལེགས་པའི་ཤེེས་རབ་གཉིས་ཀྱིས་སྔགས་ཀྱི་ཆོས་མང་པོ་བསླངས་ཏེ་མངའ་རིས་སུ་བྱོན། ལོ་ཙྭ་བ་འདིའི་བཀའ་དྲིན་ལས་བསྟན་པ་སྔ་དར་ལས་ཕྱིི་དར་གྱི་སྐབས་སུ་བསྟན་པ་དར་ཆེ་བ་བྱུང་ཞེས་གྲགས། 

གཞན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས་པཎྜི་ཏ་དྷ་རྨ་པ་ལ་སོགས་པའི་པཎྜི་ཏ་དུ་མ་སྤྱན་དྲངས་ནས་སྟོད་འདུལ་གྱི་སྲོལ་གཏོད་པའི་མེ་རོ་སྨད་ནས་གསོས་ཏེ་སྟོད་ནས་འབར་བ་ཞེས་གྲགས་སོ།། <<དེབ་ཐེར་སྔོན་པོ་>>ལས་ཀྱང་དེ་དང་མཚུངས་པ་གསུངས་ལ། གཞན་ཡང་ལྷ་ལྡེའི་རིང་ལ་སུ་བྷྰུ་ཏི་ཤྲྰི་ཤཱ་ནྟི་སྟེ། ཁ་ཆེ་པཎ་ཆེན་དུ་གྲགས་པ་དེ་སྤྱན་དྲངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་དང་། དེའི་འགྲེལ་ཆེན་དང་། མངོན་པར་རྟོགས་པའི་རྒྱལ་འགྲེལ་དང་བཅས་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་མང་དུ་བསྒྱུར། ལོ་ཆེན་གྱི་སློབ་མ་ལོ་ཙྭ་བ་མཆོག་ཏུ་མཁས་པ་མང་དུ་བྱུང་བ་རྣམས་ཀྱིས་འདུལ་བའི་སྡེ་སྣོད་མང་པོ་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཆོས་ཀྱང་མང་དུ་བསྒྱུར། ཁྱད་པར་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་། དེའི་རང་འགྲེལ་དང་། ལྷ་དབང་བློའི་འགྲེལ་པ་དང་། ཤྰཀྱ་བློའི་འགྲེལ་བཤད་ལ་སོགས་མང་དུ་བསྒྱུར་ཞིང་། འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་འདིར་ཡང་ཚད་མའི་འཆད་ཉན་བྱུང་ཞིང་། དེའི་ཚེ་ཁྱུང་པོ་གྲགས་སེ་ཞེས་བྱ་བ་མཁས་པ་གྲགས་པ་དེས་ཚད་མའི་བཤད་པ་མང་དུ་མཛད། དེ་དག་ལ་ཚད་མ་རྙིང་མ་དང་། ཕྱིས་ལོ་ཙྭ་བ་བློ་ལྡན་ཤེས་རབ་ནས་ཚད་མ་གསར་མར་གྲགས་པ་རྣམས་བྱུང་ངོ་།། དེ་ནས་སྲས་ཆུང་བ་ལྡེ་གཙུག་མགོན་ལ་སྲས་སྲོང་ངེ་དང་འཁོར་རེ་གཉིས་འཁྲུངས་ཤིང་། སྲས་སྲོང་ངེས་དང་ཐོག་རྒྱལ་པོ་གནང་ནས་བཙུན་མོ་བཞེས། སྐུ་ཚེ་སྨད་དུ་རབ་ཏུ་བྱུང་སྟེ་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། ཁོང་གི་མངའ་རིས་སུ་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་གསར་བཞེངས་མཛད་ཅིང་ལོ་ཙྭ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་སོགས་བོད་ཀྱི་གཞོན་ནུ་བློ་རིག་གསལ་བ་ཉི་ཤུ་ལྷག་རྒྱ་གར་དུ་ཆོས་སློབ་པར་བཏང་ནས་བསྟན་པ་ཕྱི་དར་གྱི་དབུ་བསླངས་ཤིང་། སྒོས་སུ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་གནད་དྲངས་ཏེ་རྒྱུད་སྡེ་བཞིས་མཚོན་པའི་བཀའ་བསྟན་གྱི་གཞུང་བསྒྱུར་ཅིང་གཏན་ལ་ཕབ་ཏེ་འདུལ་བ་སྟོད་ལུགས་བྱ་བ་དར་བ་དེ་ལ་སྟོད་འདུལ་ཟེར། ཕྱིས་ཇོ་བོ་ཨ་ཏི་ཤ་སྟེ་དཔལ་ལྡན་མར་མེ་མཛད་གདན་འདྲེན་ཞུ་ཆེད་དུ་གར་ལོག་ལ་གསེར་སྒུབ་པར་ཕྱིན་པས་དེ་གའི་རྒྱལ་པོས་ཁོས་བཟུང་ན་བཙོན་དུ་བཅུག་ནས་དེར་སྐུ་འདས། 

ཁོང་གི་དབོན་པོ་བྱང་ཆུབ་འོད་ཀྱིས་ཁུ་བོ་བླུ་བྱེད་ལ་གསེར་ལིང་ལུས་ཀྱི་ལྗིད་ཚད་ཙམ་བསྒྲུབས་ཡོད་པ་ཁུ་བོའི་ཞལ་ཆེམས་བཞིན་རྒྱ་བརྩོན་འགྲུས་སེང་གེ་དང་ནག་ཚོ་ལོ་ཙྭ་བ་གཉིས་ལ་གསེར་ཁྱེར་ནས་རྒྱ་གར་ལ་ཇོ་བོ་ཆེན་པོ་གདན་འདྲེན་དུ་བརྫངས། བོད་རབ་བྱུང་དང་པོའི་ཤིང་རྟ་ཕྱི་ལོ་༡༠༤༠ལ་གདན་དྲངས་པ་བཞིན་དཀའ་སྤྱོད་ཀྱི་བོད་དུ་ཕེབས། ཇོ་བོ་རྗེ་བོད་དུ་ཕེབས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གནང་ཡོད་ལ་ཁྱད་པར་དུ་བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་བྱ་བའི་གཙོར་བྱས་པའི་གཞུང་ཉི་ཤུ་ལྷག་ཙམ་མཛད་པའི་སྒོ་ནས་བསྟན་པ་ལ་དག་ཐེར་མཛད་པ་སོགས་བསྟན་པ་ལ་མཛད་རྗེས་རླབས་པ་དང་། ཁོང་གི་སློབ་མ་གཙོ་བོར་གྱུར་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱོན་ཡོད། མདོར་ན་བསྟན་པ་སྔ་དར་ལས་ཕྱི་དར་སྐབས་སུ་དར་རྒྱས་སུ་བྱུང་ཡོད་ཅེས་ཆོས་འབྱུང་ཁག་ལས་གསལ་བ་སོགས་ཡོངས་རྫོགས་བྲིས་སྡོད་ན་ཡིག་ཚོགས་མང་བ་དོགས་ནས་འདི་ཙམ་གྱི་འགྲིག་པ་བྱའོ།།

༣༽ མངའ་རིས་རྒྱལ་རྒྱུད་ཀྱི་སྐོར།

1) མངའ་རིས་རྒྱལ་རྒྱུད་བྱུང་སྟངས།


མངའ་རིས་རྒྱལ་རྒྱུད་ཅེས་པ་ནི་མངའ་བདག་འོད་སྲུང་གི་སྲས་དཔལ་འཁོར་བཙན་གྱི་བཙུན་མོ་ཆེན་མ་ལ་སྲས་སྐྱིད་ལྡེ་ཉི་མ་མགོན་བྱ་བ་འཁྲུངས་ཤིང་། སྐབས་དེར་དབུས་གཙང་གི་ཡུལ་གྲུ་དང་སྲིད་དབང་ཕལ་ཆེར་ཡུམ་བརྟན་ཕྱོགས་ཀྱིས་བཟུང་བས་འོད་སྲུང་གི་རྒྱུད་པ་ཡུལ་བྱོན་ཏེ་ཡར་ཀླུང་སོགས་ཡུལ་གྲུ་ཁ་ཤས་བཟུང་ནས་དབང་མཛད། ཕྱི་ལོ་༨༩༣ལོར་མངའ་བདག་དཔལ་འཁོར་བཙན་འབངས་གྱེན་ལོག་ནང་སྟག་རྩེ་བཞེར་གྱིས་སྐུ་བཀྲོངས་པ་དང་། ཁོང་གི་བཙུན་མོ་ཆེན་ཆུན་གྱི་རིགས་སྲས་ཀྱང་ཕྱོགས་གཉིས་སུ་གྱེས། 

བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་སྟོད་མངའ་རིས་ཕྱོགས་སུ་བྱོན་པ་དང་། ལྷ་སྲས་སྤྱོད་པ་ལེགས་ཤིང་བློ་གྲོས་ཆེ་བའི་ཁར་རིགས་རུས་མཐོ་བ་བཙན་པོའི་སྐུ་རྒྱུད་ཡིན་སྟབས་ཡུལ་དེའི་འབངས་རྣམས་མགུ་ནས་ཁོ་ཚོའི་རྗེ་བོར་མངའ་གསོལ། དེ་ནས་སྤུ་རངས་སུ་སྐུ་མཁར་ཉི་བཟུངས་བྱ་བ་བརྩིགས་ནས་ཡུལ་དཔོན་མཛད། ཕྱིས་སུ་སྔ་མའི་བློན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང་ཅོག་རོ་ལེགས་སྒྲ་ལྷ་བྱ་བ་གཉིས་ཀྱིས་རང་གི་བུ་མོ་ཁོ་ལ་བཙུན་མོ་ཕུལ་བས་རིགས་རྒྱུད་འཕེལ་བ་བྱུང་། བཙུན་མོ་ཅོག་རོ་བཟའ་ལ་སྲས་གསུམ་འཁྲུངས་པ་ལས་ཆེ་བ་དཔལ་སྡེ་རིག་པ་མགོན་གྱིས་མར་ཡུལ་བཟུང་ཞིང་དེའི་རྒྱུད་པས་ཕྱིས་ཀྱི་ལ་དྭགས་རྒྱལ་རབས་བཙུགས་པ་དང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང་བ་དང་ཆུང་བ་ལེ་གཙུག་མགོན་གྱིས་ཞང་ཞུང་བཟུང་སྟེ་ཕྱིས་ཀྱི་གུ་གེའི་རྒྱལ་རྒྱུད་བཙུགས། དེ་ནས་སྟོད་མངའ་རིས་སྐོར་གསུམ་བྱ་བའི་མིང་ཆགས་ལ་མངའ་རིས་རྒྱལ་རྒྱུད་ཅེས་གྲགས་པ་སྣང་ངོ་།།

དེ་ནས་སྲས་ཆེ་བ་འོད་ལྡེས་སྲིད་བསྐྱངས་ཤིང་འདིའི་དུས་སུ་དབུས་གཙང་གི་ཡུལ་དུའང་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་བཤད། དེའི་སྲས་འབར་ལྡེ་བྱ་བ་དང་། དེའི་སྲས་བཀྲ་ཤིས་དང་དེའི་སྲས་བྷ་ནེ་དང་དེའི་སྲས་ནྰ་ག་དེ་ཝ་ཟེར་བ་སོགས་རིམ་པར་བྱོན་པ་འདི་དག་ལ་མངའ་རིས་རྒྱལ་རྒྱུད་ཅེས་གྲགས་སོ།།


2) མངའ་རིས་རྒྱལ་རྒྱུད་རིག་གནས་དར་ཚུལ།


སྲས་ཆུང་བ་ལྡེ་གཙུག་མགོན་ལ་སྲས་སྲོང་ངེ་དང་འཁོར་རེ་གཉིས་འཁྲུངས་ཤིང་། སྲས་སྲོང་ངེས་དང་ཐོག་རྒྱལ་པོ་གནང་ནས་བཙུན་མོ་བཞེས། སྐུ་ཚེ་སྨད་དུ་རབ་ཏུ་བྱུང་སྟེ་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། ཁོང་གི་མངའ་རིས་སུ་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་གསར་བཞེངས་མཛད་ཅིང་ལོ་ཙྭ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་སོགས་བོད་ཀྱི་གཞོན་ནུ་བློ་རིག་གསལ་བ་ཉི་ཤུ་ལྷག་རྒྱ་གར་དུ་ཆོས་སློབ་པར་བཏང་ནས་བསྟན་པ་ཕྱི་དར་གྱི་དབུ་བསླངས་ཤིང་། སྒོས་སུ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་གནད་དྲངས་ཏེ་རྒྱུད་སྡེ་བཞིས་མཚོན་པའི་བཀའ་བསྟན་གྱི་གཞུང་བསྒྱུར་ཅིང་གཏན་ལ་ཕབ་ཏེ་འདུལ་བ་སྟོད་ལུགས་བྱ་བ་དར་བ་དེ་ལ་སྟོད་འདུལ་ཟེར། ཕྱིས་ཇོ་བོ་ཨ་ཏི་ཤ་སྟེ་དཔལ་ལྡན་མར་མེ་མཛད་གདན་འདྲེན་ཞུ་ཆེད་དུ་གར་ལོག་ལ་གསེར་སྒུབ་པར་ཕྱིན་པས་དེ་གའི་རྒྱལ་པོས་ཁོས་བཟུང་ན་བཙོན་དུ་བཅུག་ནས་དེར་སྐུ་འདས། 

དཔལ་སྡེ་ལ་སྲས་འོད་ལྡེ་དང་ཞི་བ་འོད། བྱང་ཆུབ་འོད་བཅས་རིགས་རྒྱུད་གསུམ་འཁྲུངས། སྲས་ཆུང་བ་རབ་ཏུ་བྱུང་མཛད་པས་མཚན་ལྷ་བཙུན་བྱང་ཆུབ་འོད་ཅེས་འབོད། འདི་པ་ནི་ཕྱི་ནང་གི་བསྟན་བཅོས་དང་ལོ་ཙྭ་བ་བཅས་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བས་ཁོང་གིས་ཁུ་བོའི་བཀའ་ལྟར་ནག་ཚོ་ལོ་ཙྭ་བ་གསེར་དང་བཅས་རྒྱ་གར་དུ་མངགས་ནས་ཇོ་བོ་ཨ་ཏི་ཤ་དངོས་སུ་གདན་དྲངས་ཏེ་བོད་ཀྱི་བསྟན་པ་དག་ཐེར་གནང་བར་ཞུས་ཤིང་། མདོ་ན་གངས་ལྗོངས་སུ་ནང་པའི་ཆོས་ལུགས་རྒྱ་ཆེར་སྤེལ་ལ་དར་རྒྱས་སུ་ཕྱིན་ཡོད་པའོ།།

རྒྱལ་པོ་འདི་དག་གི་རིང་ལ་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་འཆད་ཉན་དགུང་གི་ཉི་མ་ལྟར་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ནི་ཆོས་འབྱུང་དང་ལོ་རྒྱུས་ཁག་ལས་གསལ་བ་བཞིན་ལགས་སོ།། གཞན་ཆབ་སྲིད་དཔལ་ཡོན་ལོ་རྒྱུས་ཁག་ལས་རྒྱས་པོ་མི་འདུག་པས་འོས་ཚོད་འབྲི་བ་མ་སྤོབས་སོ།། །།


༤༽ མི་ཉག་རྒྱལ་རྒྱུད་ཀྱི་ལོ་རྒྱུས།


མི་ཉག་རྒྱལ་རྒྱུད་གླེང་བ་ལ་ས་བཅད་མི་འདྲ་བ་ཁ་ཤས་ཤིག་ངང་ནས་བརྗོད་འདུན་སྐྱེས་སོང་། 

1) མི་ཉག་རྒྱལ་རྒྱུད་བྱུང་སྟངས།


བོད་ཀྱི་མེས་པོའི་རུས་རྒྱུད་སྒ་དང་ལྡོང་ལས་མཆེད་པའི་མི་ཉག་རྒྱལ་རྒྱུད་དམ་མི་ཉག་གྷ་ནི། ཤར་རྒྱ་ཡུལ། ལྷོ་འཇང་། ནུབ་སྟོད་བོད། བྱང་སོག་པོ་བཅས་ཀྱི་བར་དུ་ཆགས་ཤིང་། མདོ་སྨད་གྷ་སོགས་ལ་མི་ཉག་དང་། མདོ་སྟོད་ཁམས་མི་ཉག་ཉམས་མེད་པར་ཆེན་པོ་ཞེས་གྲགས། སྟོད་བོད་སིལ་བུར་ཐོར་བའི་དུས་སུ་ཡང་མི་ཉག་ཉམས་པ་མེད་པར་སྟོབས་ཤུགས་ཆེ་རུ་ཕྱིན།  མི་ཉག་རྒྱལ་རྒྱུད་དེ་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ནས་མཆེད་པ་དེ་ཡང་། རྒྱལ་མོ་འབྲུག་པས་བརྩམས་པའི་<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>>ལས། སྤྱི་ལོ་༡༠༣༨ ནས་༡༢༢༧ བར་རང་རྒྱལ་ནུབ་ཕྱོགས་ཀྱི་སྤུན་ཟླ་མི་རིགས་ལས་ལྡོང་ཆྰང་གཙོ་བྱས་པས་མཉམ་འབྲེལ་གྱིས་བཙུགས་པའི་རྒྱལ་ཁབ་ཅིག་རེད། དེའི་ཐོག་མ་རིགས་རྒྱུད་ནི་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རུས་སུ་གཏོགས་ཞེས་དང་། སྤྱིར་བོད་ཀྱི་རུས་མཛོད་སོགས་སུ་ལྡོང་ངམ་མི་ཉག་གམ་མེ་ཉག་གིས་གནའ་སྔ་མོ་ནས་ཁམས་ཀྱི་ཡུལ་རྣམས་བཟུང་བར་བཤད་ལ། རྒྱའི་ཡི་གེ་ལྟར་ན་བོད་ཆེན་པོའི་རྒྱལ་ཁབ་མ་བཙུགས་གངོ་མདོ་སྨད་ཤར་མཐའི་འབྲུག་ཆུའི་རྒྱུད་གཙོས་པའི་ཡུལ་རྣམས་སུ་གནས་པ་དང་། ཕྱིས་འཐབ་འཁྲུག་སོགས་ཀྱི་མི་ཉག་སོགས་དང་བྱང་པ་རྣམས་ད་ལྟའི་ཉིན་ཞཱ་ལྗོངས་སུ་བྱོན་པ་ལ། རྗེས་སུ་བོད་སིལ་བུ་སྐབས་སུ་དེང་སང་གི་གྲོང་ཁྱེར་དབྱིན་ཁྲོན་གྱི་ཉེ་འདབས་རྒྱལ་ས་བྱས་ནས་ཏྰ་ཞཱ་གོ་སྟེ་མི་ཉག་ཆེན་པོའི་རྒྱལ་ཁབ་བྱ་བ་བཙུགས། བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་རྒྱལ་རབས་སམ་ཡང་ན་མི་ཉག་གྷ་ཞེས་བརྗོད། གོང་གསལ་དེ་དག་ནི་ཁུངས་ལྡན་ལོ་རྒྱུས་<<དེབ་ཐེར་དམར་པོ་>>དང་<<རྒྱ་བོད་ཡིག་ཚང་ཆེན་མོ་>>དང་<<མདོ་སྨད་ཆོས་འབྱུང་>>སོགས་སུ་ཁུངས་སུ་དྲངས་ཡོད།


2) མི་ཉག་རྒྱལ་པོ་རིམ་བྱུང་།


རབ་བྱུང་དང་པོའི་ཆུ་སྦྲེལ་ལོར་༡༠༣༢ལོར་རྒྱའི་གོང་མ་སུང་གི་རབས་བཞི་པའི་ལག་ནས་དབང་ཆ་བླངས་ཏེ་རབ་བྱུང་བཞི་པའི་མེ་ཕག་ལོའི་༡༢༢༧བར་ལོ་༡༩༥ལ་རྒྱལ་ས་བཟུང་། མི་ཉག་སི་ཧུ་རྒྱལ་པོ་ནས། རྒྱལ་རྒོད་པོ་རྡོ་རྗེ་དཔལ་གྱི་བར་རྒྱལ་རབས་དགུ་བྱོན། རྡོ་རྗེ་དཔལ་ལ་སོག་སྐད་དུ་ཤྲི་ཏུར་གོ་ཐུལ་ཀེན་ཧན་ཀན་ཟེར། རྒྱས་སི་ཧུའི་ཧུ་སྒྲ་ལ་བརྟེན་ནས་ཧུ་དབང་ཞེས་གྲགས།

མི་ཉག་རྒྱལ་རབས་དྲུག་པའི་དུས་སུ་རྒྱལ་ས་གྷ་རུ་སྤོས་ཤིང་། རྒྱལ་རྒྱུད་མང་དུ་འཕེལ་བར་བརྟེན་རྒྱལ་པོའི་དབོན་རྒྱུད་འབངས་འཁོར་བཅས་པ་འགའ་ཞིག་སྟོད་མངའ་རིས་སུ་སོང་ནས་སྟག་སྡེ་སེང་གེ་ལུང་དུ་གཞིས་ཆགས། 

དེ་ཡང་མི་ཉག་རྒྱལ་པོའི་མཚན་གནས་སྐོར་ལ། མི་ཉག་སི་ཧུ་རྒྱལ་པོ་ཞེས་བ་ནི། མི་ཉག་སྐད་དུ་སི་ཉིན་མོ་དང་ཧུ་མཚན་མོའི་དོན་ཡིན་པས། ཉིན་མཚན་ལྟོས་མེད་དེ་དུས་ལྟོས་མེད་ཀྱི་རྒྱལ་པོ་ཞེས་སྨོན་ཚིག་གི་སྒོ་ནས་བསྟོད། ཡང་མི་ཉག་ཙ་མི་རྒྱལ་པོ་ཞེས་པ་དང་། མི་ཉག་སྐད་དུ་ཙ་ནི་ས་དང་མི་ནི་གནམ་གྱི་དོན་ཡིན་པས། གནམ་སའི་བདག་པོའི་གནས་སའི་རྒྱལ་པོ་ཞེས་རྒྱལ་པོའི་དབང་ཐང་ལ་བསྟོད་པའི་ཚིག་ཡིན། མི་ཉག་གོང་མའི་རྒྱལ་ས་བླངས་རྗེས་མི་ཉག་ཏང་ཀུས་རྒྱལ་པོ་ཞེས་ཟེར། མི་ཉག་སྐད་དུ་ད་བར་དར་གོས་ལ་ཏང་སྐུས་ཟེར། མི་ཉག་རྒྱལ་པོའི་རྒྱལ་ས་ཐ་མ་ནི་ལྒ་ཆུ་སྔོན་མདོ་ཡིན།


3) མི་ཉག་རྒྱལ་རྒྱུད་ཀྱི་ས་ཁྱོན།


མི་ཉག་ས་ཁྱོན་ནི་བྱང་གི་བོད་སོག་གི་མཚམས་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་པོའི་ཐོག་མ་སི་ཧུའི་གའི་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོར་བྱས། ཤར་ན་རྒྱ་ནག་ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅས་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ་གོ་ཏན་གྱིས་བཟུང་བའི་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚང་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་པ་བཤད། 

ཡང་ལོ་རྒྱུས་གཞན་ནང་དུ། ཤར་རྒྱ་ཡུལ། ལྷོ་འཇང་། ནུབ་སྟོད་བོད། བྱང་སོག་པོ་བཅས་ཀྱི་བར་དུ་ཆགས་ཤིང་། མདོ་སྨད་གྷ་སོགས་ལ་མི་ཉག་དང་། མདོ་སྟོད་ཁམས་མི་ཉག་ཉམས་མེད་པར་ཆེན་པོ་ཞེས་གྲགས།


4) མི་ཉག་ཡུལ་དུ་རིག་གནས་དར་ཚུལ།


བོད་སིལ་བུར་ཐོར་དུ་མི་ཉག་ཉམས་པ་མེད་པར་སྟོབས་ཤུགས་ཆེ་རུ་ཕྱིན། སྟོད་དབུས་གཙང་དུ་བསྟན་པ་བསྣུབས་ཤིང་། རིག་གནས་ཉམས་རྒུད་ཚབས་ཆེན་པོ་བྱུང་བའི་སྐབས་སུ་ཡང་། མི་ཉག་ཕན་ཁོན་གྱི་དགོན་སྡེ་མང་ལ།་རིག་གནས་ཀྱི་འཆད་ཉད་ཡང་ཤིན་ཏུ་དར། བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་དཔོོན་གོ་རོང་སེང་གེ་གྲགས་དང་། ཀ་འོད་མཆོག་གྲགས་སོགས་དང་། ཕྱིས་སུ་མི་ཉག་མཁས་པ་མི་ལྔ་སོགས་མཁས་གྲུབ་དུ་མ་བྱོན། བོད་ཀྱི་རིག་གནས་ཁྱབ་གདལ་དུ་སྤེལ་བར་མཛད་རྗེས་འགྲན་ཟླ་བྲལ་བ་བཞག།།ས་པཎ་ཚ་ཞང་དང་སོག་རྒྱལ་བར་གྱི་སྒྲ་སྒྱུར་པ་ཡང་མི་ཉག་ཁོ་ན་ཡིན། དེའི་ཕྱིར་མི་ཉག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ནང་གི་གཙོ་བོའི་ཆ་ཞིག་ཡིན། མི་ཉག་ལ་རང་གི་ཡི་གེ་ཡོད་ཅིང་དེང་གི་ཞིབ་འཇུག་པ་རྣམས་ཀྱིས་བཤད་པ་ལྟར་ན་མི་ཉག་གི་ཡི་གེའི་སྒྲ་གདངས་ནི་བོདཀྱི་བརྡ་རྙིང་མི་ཉག་སྐད་གཙོ་བོར་བཟུང་སྟེ་ཡི་གེའི་་གཟུགས་རྒྱའི་ཡི་གེར་དཔེར་བྱས་ཏེ་བཟོས་པ་ཡིན་ཟེར། མདོར་ན་མི་ཉག་ལ་སྐད་དང་ཡི་གེ་ལོགས་སུ་ཡོད་འདུག་ལ་མི་ཉག་ཡུལ་དུ་རིག་གནས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ནི་རྒྱལ་རབས་དང་ལོ་རྒྱུས་ཕལ་མོ་ཆེ་བའི་ཞལ་མཐུན་ནོ། །


5) མི་ཉག་རྒྱལ་རྒྱུད་འཐོར་ཞིག་འགྲོ་ཚུལ།


ལྡོང་མི་ཉག་ནི་བོད་སིལ་བུའི་དུས་སུ་ལྡོང་ངམ་ཏང་ཞང་གི་ཐོ་བྲག་ཚོ་པའི་རྒྱུད་པ་ལས་འཕེལ་ཚུལ་དང་། ཐང་གི་སྐབས་ནས་དར་རྒྱས་བྱུང་སྟེ་ཕྱིས་སུ་སྒེར་བཙན་བྱས་ནས་སུང་དང་འཁྲུག་པ་མང་པོ་བརྒྱབ་པ་དང་། དུས་རབས་བཅུ་དྲུག་པ་བོད་རབ་བྱུང་བཅུ་པ་ཙམ་ནས་སོག་པོའི་དམག་ངན་གུ་ཤྲི་ཤོག་གིས་ཐེངས་མང་བརླག་པར་བརྟེན། སྒར་དགོན་མ་རྩ་གཏོར་དང་། གྲོང་ཚོ་ཕལ་ཆེར་ཁང་རོ། །ཞིང་ས་མང་ཆེ་བ་ས་རྒོད། རིག་གནས་ཀྱང་རྩ་མེད་གཙང་དག་བཏང་ནས། མུན་ནག་གི་གནས་ཤིན་ཏུ་གྱུར། མི་ཉག་གི་མི་བསད་འཕྲོ་ཉུང་ངུ་ལས་ལྷག་མེད་ཅིང་སྐད་ཀྱང་ཉིན་རེ་བཞིན་ཁྱབ་རྒྱ་ཇེ་ཆུང་དུ་གྱུར་རོ།།

བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་རྣམས་སུ་མི་ཉག་རྒྱལ་རབས་ལ་མིང་མི་འདྲ་བ་མང་པོ་འདུག་<<མི་ཉག་>>དང་།<<ལྡོང་མི་ཉག་>>དང་<<མི་ཉག་གྷ་>>དང་<<མི་ཉག་རྒྱལ་རབས་>>དང་<<མི་ཉག་རྒྱལ་ཁམས་>>སོགས་མིང་མི་འདྲ་བ་མང་། རྒྱའི་ཡིག་ཚང་ལོ་རྒྱུས་ནང་དུ་མི་ཉག་རྒྱལ་རྒྱུད་སྐོར་མང་པོ་ཡོད་རབས་བོད་ཀྱི་ལོ་རྒྱུས་ནང་དུ་གསལ་ལ། ཞིབ་ཏུ་མཁྱེན་འདོད་ཡོད་ན་དེ་ཚོ་གཟིགས་དགོས་ས་རེད་བསམ་ཡང་བོད་ཀྱི་ཁ་རྒྱུན་དུ་ལག་པ་རིང་ཡང་ཕུ་ཐག་ཐུང་ཟེར་བ་བཞིན་དུ་འཁུམས་སོ།། །།


No comments: