Friday, January 08, 2021

བོད་སོག་མཆོད་ཡོན་འབྲེལ་བ་གྲུབ་ཚུལ་ཇི་ལྟར་ཡིན་པ་དང་། ས་སྐྱ། ཕག་གྲུ་སོགས།

བོད་སོག་མཆོད་ཡོན་འབྲེལ་བ་གྲུབ་ཚུལ་ཇི་ལྟར་ཡིན་པ་དང་། ས་སྐྱ། ཕག་གྲུ། གཙང་སྡེ་བ་བཅས་སོ་སོའི་གཞུང་གི་འཛིན་སྐྱོང་གནང་ལུགས་ཇི་ལྟར་ཡིན་པ་ཞིབ་རྒྱས་ངོས་བཟུང་སྟེ། ༧རྒྱལ་མཆོག་སྐུ་ཕྲེང་གསུམ་པ་དང་། ལྔ་པ་སྐབས་དགེ་སོག་མཆོད་ཡོན་འབྲེལ་ཚུལ་དང་། དགེ་སོགས་འབྲེལ་བ་དེས་རི་བོ་དགེ་ལུགས་པར་ཕན་གནོད་གང་བྱུང་ཡོད་མེད་བྲིས།


༈ བོད་སོག་མཆོད་ཡོན་འབྲེལ་བ་གྲུབ་ཚུལ་ཇི་ལྟར་ཡིན་པ་སོགས་ལུགས་སོ་སོར་བྲི་བ་ལ། རྩ་བའི་ས་བཅད་དྲུག་གི་སྒོ་ནས་འབྲི་བ་འདོད། དེ་ཡང་། 

༡༽ བོད་སོག་མཆོད་ཡོན་འབྲེལ་བ་གྲུབ་ཚུལ། 

༢༽ ས་སྐྱའི་སྲིད་གཞུང་། 

༣༽ ཕག་གྲུའི་སྲིད་གཞུང་།

༤༽ གཙང་པ་སྡེ་པའི་སྲིད་གཞུང་། 

༥༽ རྒྱལ་མཆོག་སྐུ་ཕྲེང་གསུམ་པ་དང་། ལྔ་པའི་སྐབས་སུ་དགེ་སོག་མཆོད་ཡོན་འབྲེལ་བ།

༦༽ དགེ་སོག་འབྲེལ་བ་དེས་རི་བོ་དགེ་ལུགས་པ་པ་ལ་ཕན་གནོད་ཇི་བྱུང་སྐོར།


བྱང་རྒྱུད་ཁ་བ་རིག་པའི་བཙན་པོའི་གདུང་རྒྱུད་རིམ་པ་བྱོན་པ་ལས།།

གངས་ཅན་ལྗོངས་འདིར་རྒྱལ་རྒྱུད་དར་བའི་ཁུངས་ལྡན་ལོ་རྒྱུས་བསྔོག་རྒྱུ་ཡོད།།

ཆོས་དང་སྲིད་ཀྱིས་འཐབ་རྩོད་གང་ཡིན་མི་རིགས་འདིའི་སྲིད་གཞུང་ཞིག །

བཙལ་ན་རྙེད་རྒྱུ་ཡོད་པའི་བདེན་དཔང་ལོ་རྒྱུས་མིག་གིས་མཇལ་དུ་ཡོད།། ཅེས་བོད་མི་རིགས་འདི་གནམ་ནས་ཟགས་པ་དང་ས་ནས་སྐྱེས་པ་ལྟར་བ་མ་ཡིན་པར་དེང་གི་ཁྲིམས་ར་བདེན་དཔང་གི་དཔང་ཡིག་དགོས་པ་ལྟར་བོད་མི་རིགས་འདི་ཡང་བཙན་པོའི་གདུང་རྒྱུད་རིམ་པ་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡོད་པ་ནི་མིག་གིས་མཐོང་རྒྱུ་ཡོད་པའི་ཁུངས་ལྡན་གྱི་ལོ་རྒྱུས་ཡོད་པ་ཡིན། དེ་དག་ལས་སྐབས་སུ་བབས་པའི་ཕྱོགས་འགའ་བརྗོད་པ་ལ།


༡༽ བོད་སོག་མཆོད་ཡོན་འབྲེལ་བ་གྲུབ་ཚུལ།


བོད་སོག་མཆོད་ཡོན་གྱི་འབྲེལ་བ་གྲུབ་ཚུལ་ནི་སོག་པོ་ཆིང་གེ་སེ་ཁྰང་དང་ས་སྐྱ་མཆོན་ཡོན་གྱི་འབྲེལ་བ་ཐོག་མ་བྱུང་། ས་སྐྱ་དང་ཆིང་གེ་སེ་ཁྰང་རྒྱལ་རྒྱུད་དབར་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ། ས་སྐྱའི་བོད་ཡུལ་ཡོངས་རྫོགས་སྲིད་ཀྱིས་དབང་བསྒྱུར། གོ་དན་ཁྰང་གིས་ཧོར་སོག་གི་ཡུལ་དུ་ལམ་གྱི་གནད་སྟོན་པའི་བླ་མ་བཟང་པོ་ཞིག་དགོས་པ་བཞིན་རྗེ་བཙུན་ས་སྐྱའི་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོག་ཡུལ་ུ་གདན་དྲངས་པ་ནས་མཆོད་ཡོན་གྱི་འབྲེལ་བ་བྱུང་ལ། འགྲོ་མགོན་ཆོས་རྒྱལ་འཕགས་སོགས་ཀྱི་སོག་ཡུལ་དུ་འགྲོ་དོན་རྒྱ་ཆེ་མཛད། 

རྒྱལ་མཆོག་སྐུ་ཕྲེང་གསུམ་པ་ཕྱི་ལོ་༡༥༧༡ལོར་སོག་རྒྱལ་ཨལ་ཐན་ཧན་གྱིས་གདན་ཞུས་ལྟར་མདོ་སྨད་མཚོ་སྔོན་དུ་ཕེབས་ནས་ཆབ་ཚའི་ཡུལ་དུ་མཆོད་ཡོན་ཞལ་འཛོམས་བྱུང་། སྔར་སོག་པོ་ཡུལ་སྲོལ་མི་ཤི་བའི་རྗེས་སུ་དེར་དམིགས་ནས་ཨོང་བཀོད་ཅེས་གྲགས་པ་ཐམས་ཅད་ཀྱི་གཟུགས་བྱས་ཏེ་ཕྱུགས་ཟོག་གི་སྲོག་བཅད་དེ་ཁྲག་མཆོད་བྱེད་པ་སོགས་ལུགས་ངན་མཐའ་དག་བཅོས་ཏེ་ཁྲིམས་བཅས་ཐོག ། རྒྱལ་བློན་སྡེ་འབངས་དང་བཅས་པ་ལ་དགེ་བཅུའི་གནས་ལ་འགོད་པ་མཛད། རྒྱལ་མཆོག་བཞི་པ་སོག་ཡུལ་དུ་འཁྲུངས་པ་སོགས་ལ་བརྟེན་ནས་མཆོད་ཡོན་གྱི་འབྲེལ་བྱུང་། དེ་ནས་རྒྱལ་དབང་ལྔ་པ་ཆེན་པོ་དང་སོག་རྒྱལ་གུ་ཤྲི་ཧན་ནམ་གུ་ཤྲི་ཁང་དང་མཆོན་ཡོན་གྱི་འབྲེལ་བ་བྱུང་བ་ནི་འོག་ཏུ་བྲིས་ཡོ་དེའི་འཐུས་པ་བྱའོ།། 

༢༽ ས་སྐྱའི་སྲིད་གཞུང་།

༡༽ ས་སྐྱའི་སྲིད་གཞུང་འཛུགས་ཚུལ།


བོད་སིལ་བུའི་འཐོར་ནས་མི་ལོ་༤༡༡རིང་ལ་བོད་སྤྱི་ལ་དབང་བའི་རྒྱལ་པོ་གཅིག་ཀྱང་མ་བྱུང་བར། ས་ཁུལ་རེ་ལ་སྡེ་དཔོན་རེའི་ཁྱབ་ཁོངས་སུ་ཁྲིམས་མགོ་རང་བཙན་ལྟ་བུར་སོ་སོར་གནས་ཡོད་པ་དེ་ཡང་། ཞྭ་སྒབ་དབང་ཕྱུག་བདེ་ལྡན་གྱིས་མཛད་པའི་<<སྲིད་དོན་རྒྱལ་རབས་>>ལས། བོད་རྒྱལ་ཁབ་མཉམ་སྦྲེལ་གྱིས་སྲུང་འདོམས་བྱེད་མཁན་མེད་པར། ས་གནས་སོ་སོའི་སྡེ་དཔོན་ནས་རང་སྲུང་བྱས་ཏེ་སྡོད་མུས། རབ་བྱུང་གསུམ་པའི་ལྕགས་སྤྲེལ་༡༢༠༠ཙམ་ནས་བོད་ཀྱི་བྱང་ཤར་དང་། ནུབ་བྱང་སོགས་ཀྱི་ས་མཚམས་སུ་སོག་པོ་ཆིང་གེ་སེ་ཁང་གི་དྲག་པོའི་དབང་ཤུགས་སླེབས་ཏེ་ས་གནས་སྡེ་དཔོན་དང་། ས་བདག་ཁག་གིས་འཕྲལ་སེལ་སོག་པོར་ངོ་སྲུང་ལྟ་བུས་ཐོག་མར་མཇལ་ཞུ་དང་། ཕྱག་རྟེན་སྤྲོད་པ་དང་དེ་ནས་འདབ་ནོར་ཞེས་རྟེན་ཆས་ཆུང་ཚགས་རེ་སྤྲད་དེ་རང་སྲུང་བྱས་ནས་བསྡད་བཞིན་པའི་ངང། ས་སྐྱ་དང་། ཆིང་གེ་སེ་ཁྰང་རྒྱལ་རྒྱུད་དབར་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ་ས་པཎ་སོག་ཡུལ་དུ་གདན་དྲངས་བའི་ལམ་བར་ལུང་ཇུ་དུ་སོག་རྒྱལ་མཇལ་ནས་ཆོས་ནས་ཆོས་མང་པོ་གསུངས། ལུང་ཇུ་དུ་ས་པཎ་གྱིས་ཆོས་ཀྱི་མཛད་པ་རྒྱ་ཆེ་བསྐྱངས་ཏེ་དགུ་ལོ་༧༠ཐོག་སྐུ་ཞི་བ་གཤེགས། སོག་རྒྱལ་ཡང་རིམ་བཞིན་གྲོངས། དེ་ནས་སེ་ཚེན་རྒྱལ་པོ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་ནས་སོག་རྒྱལ་བློན་འཁོར་དང་བཅས་པ་ལ་དཔལ་ལྡན་ས་སྐྱའི་ཁྱད་ཆོས་དཔལ་ཀྱེ་རྡོ་རྗེ་དབང་བཞི་ཟབ་མོ་ཡོངས་སུ་རྫོགས་པ་ལན་གསུམ་བསྐུར། དེའི་དབང་ཡོན་གྱི་ཚུལ་དུ་བོད་ཆོལ་ཁ་གསུམ་དུ་གྲགས་དེ་ཕུལ། དེ་ནས་བོད་ཡུལ་ཡོངས་རྫོགས་ས་སྐྱའི་དབང་དུ་བསྒྱུར་བས་ས་སྐྱའི་སྲིད་སྐྱོང་དུས་རབས་དབུ་བརྙེས།


༢༽ ས་སྐྱའི་སྲིད་དབང་འཕེལ་རྒྱས།


ས་སྐྱ་བས་ཧོར་གྱི་དྲག་ཤུགས་ལ་བརྟེན་ནས་ལོ་ངོ་བཞི་བརྒྱ་ལྷ་ལ་ཁ་འཐོར་རུ་སོང་བའི་བོད་ཁུལ་གཅིག་གྱུར་བྱས་ཤིང་། ལོ་ངོ་༡༠༥རིང་ཆབ་སྲིད་བསྐྱངས། ས་སྐྱ་པས་བོད་ཆོས་ཁ་གསུམ་ལ་མངའ་དབང་བསྒྱུར་སྐབས་ཀྱི་དཔོན་ཆེན་དཔོན་རབས་ཉི་ཤུ་ནི། དང་པོ་ཤཱཀྱ་བཟང་པོ་དང་། གཉིས་པ་ཀུན་དགའ་བཟང་པོ། གསུམ་པ་ཞང་བཙུན་སོགས་ཉི་ཤུས་རབ་བྱུང་བཞི་པའི་ལྕགས་སྤྲེལ་ཕྱི་ལོ་༡༢༥༣ལོ་ནས་རབ་བྱུང་དྲུག་པའི་ས་ཁྱི་ལོ་སྟེ་ཕྱི་ལོ་༡༣༥༨ལོའི་བར་ལོ་དགུ་ཅུ་ཙམ་གྱི་རིང་བོད་ཀྱི་སྲིད་དབང་བཟུང་ཡོད། གཞན་ཡང་ས་སྐྱ་གོང་མ་རྣམ་ལྔ་སོགས་ཀྱིས་བོད་ཀྱི་ནང་བསྟན་དང་རིག་གནས་ལ་བྱས་རྗེས་རླབས་ཆེན་འཇོག་ཡོད། གསུང་རྩོམ་ཡང་མང་དུ་ད་ལྟ་ཡང་མཇལ་དུ་ཡོད། ས་སྐྱའི་བོད་ཀྱི་སྲིད་དབང་འཛིན་དུས་དམག་འཁྲུག་ཡང་ཡང་རྒྱག་དགོས་བྱུང་ཡོད་པ་དང་ཕན་ཚུན་འཁོན་རེས་མང་པོ་བྱུང་ཡོད་པ་སོགས་ལོ་རྒྱུས་རྙོག་འཛིང་ཅན་མང་པོ་འདུག་ཀྱང་འདི་ཙམ་གྱིས་འཐུས་པ་བྱེད་ཡོད།


༣༽ ས་སྐྱའི་སྲིད་དབང་འཛིན་རིན་བྱོན།


འགྲོ་མགོན་ཆོས་རྒྱལ་འཕགས་པ། རིན་ཆེན་རྒྱལ་མཚན། དྷ་རྨ་པྰ་ལ་རཀྵྀ་ཏ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། བདག་ཉིད་ཆེན་པོ་བཟང་པོ་དཔལ། མཁས་བཙུན་ནམ་མཁའི་ལེགས་པ། འཇམ་དབྱངས་དོན་རྒྱལ། བླ་མ་དང་པ་བསོད་ནམས་རྒྱལ་མཚན་བཅས་སོ།།  ས་སྐྱའི་གདུང་རྒྱུད་བྱུང་རིམ་འོད་གསལ་ལྷའི་གདུང་རྒྱུད། ༧ ས་སྐྱ་གོང་མ་ཁྲི་ཆེན་གྱི་སྐུ་བསྟོད་དུ། ངག་དབང་སྒྱུ་འཕྲུལ་ལྷ་རིགས་འཁོན་པའི་གདུང་།། ཞེས་གསུངས་པ་ལྟར་ལྷ་རིགས་འཁོན་པའི་གདུང་རྒྱུད་ལས་འཆད་པ་བྱུང་རབས་ངོ་མཚར་ཆེ་བ་དེ་འདྲ་འདུག་སྟེ་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས།


༤༽ ས་སྐྱའི་སྲིད་དབང་འཐོར་ཚུལ།


དཔོན་ཆེན་རིམ་པ་བྱོན་པའི་ནང་ནས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་སྐབས་སུ་ས་སྐྱའི་བླ་བྲང་ཁག་བཞིར་གྱེས་ཡོད་པ་རྣམས་ནང་མ་མཐུན་པས་འགལ་རྩོད་ཇེ་ཆེར་སོང་སྟེ་དཔོན་ཆེན་དབང་བརྩོན་གཙོ་བྱས་བླ་བྲང་གཞན་གསུམ་ཕྱོགས་གཅིག་བྱས་ནས་ཕན་ཚུན་འཐབ་པས་རྒྱལ་བཟང་བའི་ཕྱོགས་ཕམ་ནས་ས་སྐྱའི་གདུང་རྒྱུད་སྤུན་མཆེད་བར་གསོད་རེས་དང་བཙོན་འཇུག་བྱས་པ་སོགས་ནང་དམེ་ཡ་ང་བ་བྱུང་རྐྱེན་ས་སྐྱའི་སྲིད་དབང་རྩ་བ་ནས་ཉམས་རྒུད་དུ་ཕྱིན། ཕག་གྲུ་དང་གཡའ་བཟང་པ་གཉིས་བར་རྩོད་གཞི་ཡང་ཡང་བྱུང་བའི་ཚེ་ས་སྐྱའི་དཔོན་ཆེན་ལ་གཏུགས་ཀྱང་ས་སྐྱའི་གཡའ་བཟང་པའི་ཕྱོགས་སུ་ལངས་ནས་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱི་ཁྲི་དཔོན་འཕྲོག་རྩིས་བྱས་པ་སོགས་རྒྱུ་རྐྱེན་མང་།

ཁྱད་པར་དུ་ཕྱི་ལོ་༡༣༤༩ལོར་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་གཡའ་བཟང་པ་དང་ཚལ་པའི་ཕྱོགས་གཏོགས་ནང་ནས་སྟོབས་ཤུགས་ཆེ་ཤོས་འབྲི་གུང་པ་གཏོར། དེ་ནས་རིམ་བཞིན་གཡའ་ཚལ་གཉིས་ཀྱང་ཚར་བཅད། ས་སྐྱའི་དཔོན་ཆེན་རྒྱལ་བཟང་པའི་ཕྱོགས་སུ་ལངས་ནས་སྐབས་དེར་ས་སྐྱར་དབང་ཤུགས་ཆེ་བའི་དཔོན་ཆེན་དབང་བརྩོན་པའི་སྟེང་ལ་དབུས་དམག་དྲངས་ནས་དེ་ཕམ་པར་བརྟེན་ས་སྐྱའི་སྲིད་དབང་ཕག་མོ་གྲུ་པའི་ལག་ཏུ་ཤོར། མདོར་དྲིལ་ནས་ས་སྐྱའི་སྤུན་མཆེད་ནང་ཁུལ་ལམ་བླ་བྲང་ནང་ཁུལ་མ་འཆམ་པས་ས་སྐྱའི་སྟོབས་ཤུགས་ཉམས་པས་ས་སྐྱའི་སྲིད་དབང་འཐོར་བའོ།། 

༣༽ ཕག་གྲུའི་སྲིད་གཞུང་།

1) ཕག་གྲུའི་སྲིད་གཞུང་འཛུགས་ཚུལ།


ཕག་གྲུའི་སྲིད་གཞུང་ནི་སྡེ་སྲིད་ཕག་མོ་གྲུ་པ་ནི་ས་སྐྱའི་ཁྲི་དཔོན་བཅུ་གསུམ་ཡོད་པའི་ནང་ནས་ཆེ་ཤོས་གསུམ་གྱི་ནང་ནས་གཅིག་ཡིན་ཞིང་། ས་ཁྱོན་ཡང་ཆེན་པོ་ཡོད་ལ་ཞབས་འབྲིང་ནང་མའི་ཁུངས་སུ་གཏོགས། དཔོན་ཆེན་འགའ་ཤས་ནས་ཁྲི་དཔོན་གཞན་གྱི་རྒྱུད་བསྐུལ་བསླུ་ཐབས་སུ་ཕྱིན་ཏེ་ཕག་གྲུར་སྔ་ཕྱིར་ཁྲིམས་འཁྱོག་དང་སྡང་ཟུག །བཙན་གནོན་མང་པོ་བྱས་རྐྱེན། སྙིང་སྟོབས་ཅན་གྱི་བྱང་ཆུབ་རྒྱལ་མཚན་གྱིས་དཔོན་ཆེན་རྒྱལ་བ་བཟང་པོ་ཕྱོགས་བྱས་ནས་འབྲི་གུང་གཏོར། དེ་ནས་གཡའ་ཚལ་ཕམ་པ་བྱས། དེ་ནས་ས་སྐྱའི་དཔོན་ཆེན་དབང་བརྩོན་དང་དམག་འཛིང་ནས་ཕམ་པ་བྱེད་དེ་ས་སྐྱའི་སྲིད་དབང་འཕྲོག་ཏེ་ཕག་གྲུའི་སྲིད་གཞུང་བཙུགས། ཏྰའི་སི་ཏུ་བྱང་ཆུ་རྒྱལ་མཚན་ནས་བརྩིས་པའི་ལོ་བརྒྱ་ལྷག་ཙམ་རིང་ཕག་གྲུ་མི་རྒྱུད་ཀྱི་སྲིད་དབང་བཟུང་། ཕག་གྲུ་རིགས་རྒྱུད་ནི་སེ་ཁྱུང་དབྲ་ཡི་རྒྱུད་པ་ལས་རླངས་ཀྱི་གདོང་རྒྱུད་ཡིན། རྒྱལ་ས་ནི་སྣེ་གདོང་དུ་བྱས་སོ།། 


2) ཕག་གྲུ་སྲིད་དབང་འཕེལ་ཚུལ།


 ཕག་གྲུའི་སྐབས་སྲིད་འཛིན་སྒྲིག་གཞི་གསར་བཟོ་དང་། སྔོན་ས་སྐྱའི་སྐབས་སོག་པོའི་ལུགས་ལྟར་ཁྲི་དཔོན་གྱི་ལམ་ལུགས་ལ་བསྒྱུར་བཅོས་བཏང་ནས་རྫོང་དཔོན་གྱི་སྲོལ་གཏོད། དེ་ཡང་ཁྲི་སྐོར་བཅུ་གསུམ་གྱི་སྲིད་འཛིན་པ་བསྒྲིགས་ཏེ་གོང་དཀར་རྫོང་དང་། བྲག་དཀར་རྫོང་། སྣེའུ་རྫོང་། འོལ་ཁ་སྟག་རྩེ་རྫོང་སོགས་རྫོང་ཆེན་བཅུ་གསུམ་དུ་བསྒྱུར། རྫོང་དཔོན་རྣམས་ལོ་གསུམ་རེའི་མཚམས་སུ་བརྗེ་རེས་བྱེད་པའི་ལམ་ལུགས་བཙུགས། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་ཁྲལ་འུ་ལག་སོགས་ཀྱི་ལམ་ལུགས་གཏན་འབེབས་མཛད་ནས་མངའ་འབངས་ཚུལ་བཞིན་བསྐྱངས་པས་བོད་ཁམས་ཡོངས་སུ་རྒན་མོ་གསེར་འཁུར་གྱི་དུས་ཞེས་རྐུ་ཇག་བཅོམ་འཕྲོག་སོགས་མེད་པར་ཧ་ཅང་གྲགས་ཆེ། མདོར་བསྡུས་ནས་བརྗོད་ན་དེའི་དུས་སུ་ཆབ་སྲིད་དཔལ་འབྱོར་རིག་གནས་སོགས་དར་རྒྱས་ཆེན་པོ་བྱུང་ཡོད། འོན་ཀྱང་འདི་ཆ་ཚང་བྲིས་ན་ཡིག་ཚོགས་ཕུང་པོ་ཆགས་པ་དེ་གཞན་དམིགས་བསལ་དགེ་མཚན་མ་མཐོང་བས་དེ་ཙམ་གྱིས་འཐུས་པ་བྱེད་ཡོད།


3) ཕག་གྲུའི་སྡེ་སྲིད་རིམ་བྱོན།


ཕག་གྲུའ་སྡེ་སྲིད་དང་པོ། ཏྰའི་སི་ཏུ་བྱང་ཆུབ་རྒྱལ་མཚན། ༢༽གུ་ཤྲི་ཤྰཀྱ་རྒྱལ་མཚན།་༣༽སྤྱན་སྔ་གྲགས་པ་རྒྱལ་མཚན། ༤༽བསོད་ནམས་གྲགས་པ། ༥༽གྲགས་པ་རྒྱལ་མཚན། ༦༽གྲགས་པ་འབྱུང་གནས། ༧༽ཆེ་ས་སངས་རྒྱས་རྒྱལ་མཚན། ༨༽ཀུན་དགའ་ལེགས་པ། ༩༽སྤྱན་སྔ་ངག་གི་དབང་པོ། ༡༠༽ངག་དབང་བཀྲིས་གྲགས་པ། ༡༡༽སྤྱན་སྔ་གྲགས་འབྱུང་བ། ༡༢༽ ཞབས་དྲུང་ངག་དབང་གྲགས་པ་བཅས་སོ།།


4) ཕག་གྲུ་སྲིད་དབང་འཐོར་ཚུལ།


བོད་ཆུ་བྱི་སྤྱི་ལོ་༡༤༣༢ལོར་མི་དབང་གྲགས་པ་རྒྱལ་མཚན་གཤེགས་པས་གྲགས་པ་འབྱུང་གནས་ཁྲི་བཀོད། འོན་ཀྱང་ཡབ་སངས་རྒྱས་རྒྱལ་མཚན་གྱིས་ཁྲི་ཐོག་གི་གོ་སར་དམིགས་ནས་བྱ་ངན་སྤེལ་བས་ཡར་ལུང་དུ་སྟག་ལོ་སྡེ་གཟར་བྱུང་། ཕག་གྲུའི་སྲིད་འཛིན་པ་དང་གདས་སའི་ཞལ་ངོ་ནང་ནས་མི་མཐུན་པ་བྱུང་སྟེ། རིན་སྤུངས་པའི་དབང་ཤུགས་ཇེ་ཆེ་དང་ཕག་གྲུ་རིམ་བཞིན་དབང་ཤུགས་ཉམས་རྒུད་དུ་སོང་། གྲགས་པ་འབྱུང་གནས་ཀྱི་གཅུང་ཀུན་དགའ་ལེགས་ཁྲིར་བཀོད་པ་དང་ཁོང་གིས་རིན་སྤུངས་པའི་བདག་མོ་བླངས་ཤིང་། གཞན་གྱི་ཁ་རྗེས་སུ་འབྲངས་བས་ནང་ཁུལ་མི་མཐུན་པ་བྱུང་། ཕྱིས་སུ་ཀུན་དགའ་ལེགས་གཤེགས་པ་དང་རིན་སྤུངས་པས་རྒྱལ་རྩེར་དམག་དྲངས་ནས་སྡེ་གཟར་མང་པོ་བསླངས། དེ་ནས་ངག་དབང་བཀྲ་ཤིས་ཁྲོར་བཀོད་ཀྱང་དབང་ཆ་རིན་སྤུངས་པས་བཟུང་བས་ཕག་གྲུའི་སྲིད་དབང་ཉམས་རྒུད་དུ་ཕྱིན་ནས་མཐའ་རིན་སྤུངས་པའི་ལག་ཏུ་ཤོར་རོ།།


༤༽ གཙང་པ་སྡེ་པའི་སྲིད་གཞུང་།

1) གཙང་པ་སྡེ་པའི་སྲིད་གཞུང་འཛུགས་ཚུལ།


བཙན་པོ་ཁྲི་སྲོང་སྡེ་བཙན་གྱི་སྐུ་དུས་སུ་རྡོ་རྗེ་ཐེག་པ་ལ་གྲུབ་ཐོབ་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ནང་ནས་གཉགས་ཛྙ་ན་ཀུ་མ་ར་ལས་རིམ་བཞིན་བརྒྱུད་པར་གྲགས་པའི་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཙང་རྒྱལ་གྱི་ཐོག་མའང་འདི་ཉིད་ཡིན། ཁོང་ལ་འཚོ་རྟེན་ཞིང་གཅིག་དང་། སྡོད་ཁང་ཤག་གཅིག་མེད་པས་མཚན་ལ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཞེས་ཐོགས་པ་ཡིན། རིན་སྤུངས་པའི་གཉེན་ཚན་དང་སྣེ་གདོང་དང་རིན་སྤུངས་གཉིས་ཀྱི་ཞབས་འབྲིང་ཡང་ཡིན། དེ་ཡང་རིན་སྤུངས་པས་བོད་ལ་དབང་བསྒྱུར་བའི་དུས་སུ་ཕྱི་ལ་དམག་འཁྲུག་བསླངས་པ་དང་། ནང་ཁུལ་དུ་དམེ་བྱུང་བ་སོགས་ཕྱི་ནང་གི་འགལ་རྐྱེན་ཛ་དྲག་མང་པོ་བྱུང་བ་དང་། རིན་སྤུངས་པའི་མངའ་འོག་ཆིབས་དཔོན་དུ་གཏོགས་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་བསམ་གྲུབ་རྩེའི་རྫོང་དཔོན་ཡིན་སྟབས་ཁོང་གིས་གཙང་ཁུལ་གྱི་དཔོན་ཁག་དང་མནའ་སྦྲེལ་བགྱིས་ཤིང་རིན་སྤུངས་པར་རྒོལ་བའི་འབངས་གྱེན་ལོག་བྱས་ཤིང་། ཞིང་ཤག་པའི་སྙིང་སྟོབས་དང་བློ་གྲོས་ཀྱི་ཐབས་ལ་བརྟེན་ནས་རིམ་བཞིན་སྟོབས་འབྱོར་དང་དབང་ཤུགས་ཇེ་ཆེར་སོང་སྟེ་རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་དུས་སུ་སླེབས་སྐབས་རིན་སྤུངས་པའི་ཁ་གཏད་དུ་ལངས། ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་སྲས་པདྨ་དཀར་པོ་བཀྲོངས་པ་བརྟེན། རིན་སྤུངས་པ་ངག་དབང་འཇིག་གྲགས་ཀྱིས་འཁོན་ལན་སློག་རྩིས་གནང་བ་ལམ་དུ་མ་སོང་བར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་ཚུལ་རྒོལ་གྱེན་ལོག་བྱས་ནས་རིན་སྤུངས་པའི་སྲིད་དབང་འཕྲོགས་ནས་གཙང་པ་སྡེ་པའི་གཞུང་བཙུགས་པའོ།། 


2) གཙང་པ་སྡེ་པའི་སྲིད་དབང་འཕེལ་ཚུལ།


གཙ་པ་རྒྱལ་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་སྲས་དགུ་ཡོད་པའི་ནང་གི་ཀརྨ་མཐུན་སྟོབས་རྣམ་རྒྱལ་དང་། ཀརྨ་ཀུན་སྤངས་ལྟ་དབང་རྡོ་རྗེ། ཀརྨ་བསྟན་སྲུང་དབང་པོ་གསུམ་གྱིས་གཙང་ཕྱོགས་ལ་མངའ་དབང་བསྒྱུར་བ་ཡིན། དེ་དག་གིས་གཙང་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོ་ཆེ་མངའ་འོག་ཏུ་ཚུད་པར་གྲགས། ཀརྨ་བསྟན་སྲུང་དབང་པོའི་སྲས་ཀརྨ་ཕན་ཚོགས་རྣམ་རྒྱལ་གཙང་གི་སྡེ་སྲིད་དུ་བསྡད་པ་ནས་སྡེ་སྲིད་གཙང་པ་ཞེས་གྲགས་སྐད། དེ་ནས་བྱི་གླང་སྡེ་གཟར་ཞེས་བྱ་བ་སྟེ་ཕྱི་ལོ་༡༦༡༢ཆུ་བྱི་ལོ་དང་། ཕྱི་ལོ་༡༦༡༣ལོར་ཆུ་གླང་ལོར་ཕུན་ཚོགས་རྣམ་རྒྱལ་གྱིས་དཔུང་གི་སྦྱོར་བར་བརྟེན་ནས་དབུས་ཕྱོགས་འཕན་པོ་དང་། གཞིས་ཀ་སྣེའུ་སོགས་བླངས་ཏེ་གཙང་པས་དབུས་གཙང་ཡོངས་ལ་གཞི་རྩའི་ཐོག་ནས་དབང་བསྒྱུར་བྱས་ཤིང་། དེ་ནས་ཁོང་གིས་མངའ་རིས་རྒྱལ་པོ་དང་། ལྷོ་པ་དང་བྱང་པ་རྣམས་ལ་དམག་དྲངས་ནས་མངའ་འོག་ཏུ་བཅུག་པ་དེ་ལ་བྱི་གླང་སྡེ་གཟར་ཞེགས་ཟེར། ཁོང་གིས་སྲས་ཀརྨ་བསྟན་སྐྱོང་དབང་པོས་ཕ་ཤུལ་བུ་འཛིན་གྱི་ལས་དོན་འཁུར་བླངས། ཁོང་ནིས་ཆོས་སྲིད་གང་ལའང་མཁྱེན་པ་བས་ལ་ལ་མངའ་རིས་པཎ་ཆེན་གྱི་སྐྱེ་བར་ངོས་འཛིན་ཡིནན་སྙམ་པའི་ཐེ་ཚོམ་སྐྱེ་དགོས་པ་བྱུང་འདུག ། ཁོང་གིསདབུས་སུ་དམག་དྲངས་ནས་གྲོང་སྡེ་མང་པོ་བླངས། ཕྱི་ལོ་༡༦༢༠ལོར་ཀརྨ་བསྟན་སྐྱོང་དབང་པོས་བོད་ཀྱི་སྲིད་ལ་དབང་བསྒྱུར་དང། གཙང་པ་སྡེ་པས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་སུ་སྲིད་འཛིན་གྱི་སྒྲིག་གཞི་དང། དམག་དོན་སྐོར། རྩ་ཁྲིམས་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲག་གཏན་འབེམས་གནང་བ་སོགས་ཆབ་སྲིད་དཔལ་ཡོན་དར་རྒྱས་སུ་བྱུང་ཡོད། དེའི་རིང་ལ་དམག་འཁྲུག་པ་མང་པོ་རྒྱག་རེས་བྱས་པ་དང་། མི་ལོ་ཉི་ཤུ་ཙམ་རིང་སྲིད་དབང་འཛིན་འདུག །


3) གཙང་པ་སྡེ་པའི་སྲིད་འཛིན་རིམ་བྱོན།


༡) གཙང་པ་སྡེ་དཔོན་ནམ་རྒྱལ་པོ་དང་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ། ༢) ཀརྨ་བསྟན་སྲུང་དབང་པོ། ༣) ཀརྨ་ཕུན་ཚོགས་རྣམ་རྒྱལ། ༤) ཀརྨ་བསྟན་སྐྱོང་དབང་པོ།།


4) གཙང་པ་སྡེ་པའི་སྲིད་དབང་འཐོར་ཚུལ།


སྟག་རྩེ་སྡེ་པ་ཡབ་སྲས་ཀྱིས་སོག་པོ་གུ་ཤྲིར་ཁང་གི་དམག་དཔུང་རོགས་མགོན་དུ་བསྟེན་ཏེ་གཙང་པའི་སྲིད་དབང་ཉམས་དམས་སུ་བཏང་ཡོད། དེ་ལྟར་གཙང་པའི་སྲིད་དབང་ཉམས་དམས་སུ་གཏོང་དོན་ནི་སྡེ་པ་ཕུན་ཚོགས་རྣམ་རྒྱལ་གྲོངས་རྗེས་ཁོང་གི་སྲས་ཀརྨ་བསྟན་སྐྱོང་དབང་པོ་ཆོས་སྲིད་གང་ལའང་མཁྱེན་རྒྱ་ཆེ་ཡང་ཆོས་ལུགས་འཐེན་འཁྱེར་དབང་གིས་བཀྲིས་ལྷུན་པོ་དང་གདན་ས་གསུམ་ལ་སུན་བཙེར་བྱས་པ་མ་ཟད། ༸རྒྱལ་མཆོག་ལྔ་པའི་ཡབ་བདུད་འདུལ་རབ་བརྟན་བཙོན་དུ་བཟུང་བ་སོགས་བྱས་རྐྱེན་ལས་སྟག་རྩེ་སྡེ་པ་ཡབ་སྲས་ཀྱིས་གུ་ཤྲིར་ཁཱང་གི་དཔུང་དམག་རོགས་མགོན་དུ་བསྟེན་ཏེ་ ༡༦༤༢ ལོར་གཙང་པའི་སྲིད་དབང་ཉམས་དམས་སུ་བཏང་ནས་གཙང་པ་སྡེ་པའི་སྲིད་གཞུང་འཐོར་ཞིག་ཏུ་སོང་ངོ་།།


༥༽ རྒྱལ་མཆོག་སྐུ་ཕྲེང་གསུམ་པ་དང་། ལྔ་པའི་སྐབས་སུ་དགེ་སོག་མཆོད་ཡོན་འབྲེལ་བ།


༧རྒྱལ་མཆོག་སྐུ་ཕྲེང་གསུམ་པའི་སྐབས་སུ་དགེ་ལྡན་པ་དང་སོག་པའི་དབར་གྱི་མཆོན་ཡོན་གྱི་འབྲེལ་ཁོ་ན་ཡིན། སོག་པོ་ཧལ་ཧ་རྒྱལ་པོ་ཨལ་ཐན་ཁྰང་ལ་མཛོ་དགེ་ཨ་སེང་བླ་མས་༧རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་རྣམ་ཐར་བཤད་པས་དད་པ་སྐྱེས་ཏེ་སོག་ཡུལ་དུ་གདན་ཞུ་སྔ་ཕྱི་འབྱོར་རྗེས་ཞལ་བཞེས་ཐོག །རེ་ཞིག་བླ་མཆོད་དུ་འདུལ་བ་བླ་མ་བརྩོན་འགྲུས་བཟང་པོ་བརྗོང་བདའ་མཛད། མེ་གླང་༡༥༧༧ལོར་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར། སོག་ཡུལ་དུ་ཕེབས་ལམ་དུ་ས་ཚིགས་རིམ་པ་གསུམ་ལ་སོག་རྒྱལ་ནས་ཕེབས་བསུ་གྲ་སྒྲིག་གནང་། ཨལ་ཐན་རྒྱལ་པོ་ཉིད་ཀྱི་གོས་དཀར་པོ་གྱོན། བཙུན་མོ་དང་འཁོར་ཁྲི་ཕྲག་བཅས་འོངས་ནས་དད་གུས་ཆེན་པོས་བསུས་ཏེ་མཆོན་ཡོན་ཐོག་མར་མཇལ། འབུལ་བ་རྒྱ་ཆེན་པོ་ཕུལ་ཞིང་། ཁྲོམ་འབུམ་ཕྲག་ཙམ་ཚོགས་པའི་དབུས་སུ་མཆོན་ཡོན་ཉི་ཟླ་ཟུང་ཞིག་ཕེབས་ཏེ། ཡུལ་དེའི་ལས་སུ་སྡིག་པ་དང་། ཟས་སུ་ཤ་ཁྲག་ཁོ་ན་ལོངས་སུ་སྤྱོད་པ་མི་ཆོག་པ་བཟོས། དམ་པའིི་ཆོས་སྲོལ་གཏོད། དགེ་བཅུའི་ཁྲིམས་བཟོས། གཞན་ཡང་ཐམས་ཅད་ཀྱིས་དགེ་བ་ལ་འབད། ཉ་སྟོང་བརྒྱད་གསུམ་ལ་དམར་མཆོད་ཕུལ་བ་རྒྱུད་བཅད་ནས་ཉ་སྟོང་བརྒྱད་གསུམ་བསྙེན་གནས་སྲུངས།  དེར་ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང་ལོ་ཙྭ་བས་སོག་སྐད་དུ་བསྒྱུར་ཏེ་ཀུན་གྱིས་གོ་བས་ཕྱོགས་ཐམས་ཅད་དུ་ཡི་གེ་དྲུག་པ་བཟླ་བ་ལ་བརྩོན་པར་གྱུ། དེ་ནས་མཆོན་ཡོན་ལྷན་འཛོམས་སར་གཙུག་ལག་ཁང་བཞེངས་པའི་ས་འདུལ་མཛད་དེ། གཙུག་ལག་ཁང་དང་ཕོ་བྲང་གཅིག་འཐུས་བཞེངས་ནས་ཐེག་ཆེན་ཆོས་འཁོར་གླིང་ཞེས་བཏགས། མི་རིགས་དུ་མའི་ཁྲོད་དུ་སོག་རྒྱལ་པོས་ཐམས་ཅད་མཁྱེན་པ་ཡང་ན་ཏྰ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་གསོལ། རྒྱལ་དབང་མཆོག་ནས་ཀྱང་། རྒྱལ་པོ་ཨལ་ཐན་ཁང་ལ། ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ། ཞེས་མཚན་གསོལ། མདོར་ན་རྒྱལ་དབང་མཆོག་གིས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་གནང་ཡོད། སོག་རྒྱལ་ཨལ་ཐན་ཁང་དང་མཆོད་ཡོན་གྱི་འབྲེལ་བ་ཁོ་ན་ཡིན་པ་ལོ་རྒྱུས་ལས་གསལ། རྗེས་སུ་རྒྱལ་དབང་མཆོག་མདོ་ཕྱོགས་སུ་ཕེབས་ན་གཙུག་ལག་ཁང་བཞེངས་པ་དང་བསྟན་པ་དང་འགྲོ་བའི་དོན་དུ་མཛད་པ་རླབས་ཆེན་འཇོག་གནང་ཡོད་དོ།།

རྒྱལ་མཆོག་ལྔ་པའི་སྐབས་སུ་དགེ་སོག་མཆོད་ཡོན་འབྲེལ་བ།


རྒྱལ་མཆོག་ལྔ་པའི་སྐབས་སུ་དགེ་ལུགས་པ་དང་སོག་པའི་མཆོད་ཡོན་གྱི་འབྲེལ་བ་ནི་སོག་པོ་རྒྱལ་བློན་རྣམས་འཚོགས་ཏེ་ཏྰ་ལའི་བླ་མ་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་དང་། ཡོན་ཏན་རྒྱ་མཚོ་གཉིས་ཧོར་སོག་ཁུལ་འདིར་འགྲོ་དོན་རྒྱ་ཆེ་གནང་སྟེ་ཆོས་དང་ཟང་ཟིང་འབྲེལ་བ་ཆེ་བ་དང་། དབུས་གཙང་ཆོས་སྡེ་ཁག་ལ་སོག་པོའི་གྲྭ་རྒྱུན་ལ་དམིགས་བསལ་བདག་རྐྱེན་ཡོད་པའི་ལོ་རྒྱུས་སོགས་གྲོས་བསྡུར་གྱིས་མཐའ་མ་དགེ་ལྡན་པའི་རྒྱབ་གཉེར་བོད་ལ་སུ་འགྲོ་གྲོས་བྱས་པར། གུ་ཤིར་ཧན་ཁང་ནས་ང་འགྲོ་ཞེས་དམ་བཅའ། གུཤྲིར་ཁང་གིས་གཙང་པ་སྡེ་པ་དང་འབྲེལ་ཆེ་བའི་མཚོ་སྔོན་ཆོག་ཐུ་དཔོན་གྱི་དམག་སུམ་ཁྲི་དང་འཐབ་སྟེ་རི་སྣ་གཉིས་ཁྲག་གིས་དམར་པོར་གྱུར། ཆོག་ཐུའི་དམག་ཤིན་ཏུ་ཕམ་པས་ཆོག་ཐུ་དཔོན་རང་ཉིད་བྲོས་ནས་འཕྱི་ཁུང་ཞིག་ནང་ཡིབ་བསྡད་པ་ནས་བཟུང་སྟེ་བསད་པས་དམག་ཚང་མ་སྲན་ཕུང་ལ་རྒྱུག་པ་གཞུས་པ་ལྟར་སྐད་ཅིག་ལ་འཐོར། དེ་ནས་གུ་ཤྲིར་ཁང་གི་རུ་སྡེ་མཚོ་སྔོན་ཕྱོགས་སུ་སྤོས། གུར་ཤྲིར་ཁང་སོགས་འགྲུལ་པ་ལྟོས་ཆེ་བ་ལྷ་ས་འབྱོར། དགའ་ལྡན་ཁང་གསར་དུ་༧རྒྱལ་དབང་རིན་པོ་ཆེ་དང་མཇལ་འཕྲད་ཞིང་། དབང་དང་རྗེས་གནང་སོགས་ཞུས། གཙུག་ལག་ཁང་གི་ཇོ་བོའི་པང་གཅལ་སྟེང་གུཤྲིར་ཁང་ལ་དགེ་ལྡན་བསྟན་པའི་བདག་ཏུ་གཟེངས་བསྟོད། བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཆོ་ལོ་དང་། ཐམ་ག་རྩལ། དེ་ནས་རི་བོ་དགེ་ལྡན་པ་དང་སོག་པོ་དབར་མཆོན་ཡོན་གྱི་འབྲེལ་བ་བྱུང་། ༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་སོག་པོ་དབར་མཆོད་ཡོན་གྱི་འབྲེལ་བ་ནི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ཁག་ལ་འབྱུང་བས་འདིར་མང་པོ་བྲིས་ལ་ཡིག་ཚོགས་རང་ལས་མ་འདས་གཤིས་འདི་ཙམ་འཐུས་པ་བྱའོ།།


༦༽ དགེ་སོག་འབྲེལ་བ་དེས་རི་བོ་དགེ་ལུགས་པ་པ་ལ་ཕན་གནོད་ཇི་བྱུང་སྐོར།


དགའ་ལྡན་ཕོ་བྲང་དང་སོག་པོ་འབྲེལ་བ་བྱུང་ནས་རི་བོ་དགེ་ལུགས་པ་ལ་ཕན་གནོད་གཉིས་ཀའི་ཆ་བྱུང་ཡོད་པ་མངོན། དང་པོ་ཕན་པའི་ཆ་ནི་སྐབས་དེང་དུས་གཙང་པ་སྡེ་སྲིད་ཡབ་སྲས་ཀྱིས་རང་གི་སྟོབས་ཤུགས་ཡོད་ཚད་ཀྱིས་དགེ་ལུགས་པར་སྡང་ཟུག་མནན་ཤུགས་ཆེ་བ་མ་ཟད། མཚོ་སྔོན་དུ་འཁྱམས་པའི་ཧལ་ཧའི་ཆོག་ཐུ་རྒྱལ་པོ་དང་ལྡན་ཆོས་འཁོར་ཁུལ་དུ་ཡོད་པའི་ཁམས་བེ་རི་རྒྱལ་པོ་བཅས་དཔུང་རོགས་སུ་བརྟེན་ནས་དགེ་ལུགས་པ་རྩ་མེད་བཟོ་རྩིས་ཀྱི་བསམ་སྦྱོར་ངན་སྤེལ་བ་ལྡོག་ཐུབ་པ་བྱུང་བ་དང་། དགེ་སོག་འབྲེལ་བ་དེའི་འོག་ནས་སོག་པོ་གུ་ཤྲི་ཁང་གཙོས་པའི་སོག་དམག་ནས་མཚོ་སྔོན་ནས་ཆོག་ཐུའི་རུ་སྡེ་བཅོམ་ཞིང་ཁམས་བེ་རི་རྒྱལ་པོ་འཁོར་དང་བཅས་པ་ཆམ་ལ་ཕབ། དེ་ནས་གཙང་པ་སྡེ་སྲིད་ལས་གཡུལ་ལས་རྣམ་པ་རྒྱལ་བ་བྱས། དགེ་ལུགས་པ་ལ་གནོད་སྐྱོན་ཅི་ཡང་མ་བྱུང་བས་ཕན་པ་རྩིས་ཆོག ། དགེ་སོག་འབྲེལ་བ་དེ་ལས་གནོད་པའི་ཆ་ཡང་ཡོད་དེ་བོད་རིགས་ནང་ཁུལ་དུ་མ་འཆམ་པ་དང་ཆོས་ལུགས་ནང་ཁུལ་འཐེན་འཁྱེར་བྱུང་བ། ཆོས་ལུགས་ཕར་བསྒྱུར་ཚུན་བསྒྱུར་སོགས་ཀྱིས་ཆོས་ལུགས་ཀྱི་འཐེན་འཁྱེར་ཤུགས་ཆེ་རུ་འགྲོ་བ་དང་སྡང་ཟུག་ཆེ་རུ་འགྲོ་བ་སོགས་གནོད་པའི་ཆ་ཡང་མང་དུ་བྱུང་ཡོད་པ་ལོ་རྒྱུས་དག་ལས་ཤེས་སོ།།


No comments: