Friday, January 08, 2021

བོད་སིལ་བུའི་དུས་སྐབས་སུ་སོག་པོའི་ཆབ་སྲིད་ལ་འཕོ་འགྱུར། ས་སྐྱ་དང་ཡོན་གོང་མའི་འབྲེལ་བ་སོགས།

བོད་སིལ་བུའི་དུས་སྐབས་སུ་སོག་པོའི་ཆབ་སྲིད་ལ་འཕོ་འགྱུར་ཅི་བྱུང་ངོས་འཛིན་དང་། ས་སྐྱ་དང་ཡོན་གོང་མའི་དབར་གྱི་འབྲེལ་བ། ཕག་གྲུ་དང་མིང་གོང་མའི་དབར་གྱི་འབྲེལ། ༧རྒྱལ་མཅོག་ལྔ་པ་ཆེན་པོ་དང་གུ་ཤྲི་ཁྰང་དབར་གྱི་འབྲེལ་བར་གཤིབ་བསྡུར་བྱས་ཏེ། ཡོན་གོང་མའི་སྐབས་ནས་བོད་དེ་རྒྱའི་ཆ་ཤས་སུ་གྱུར་ཚུལ་དེ་མི་འཐད་པའི་སྐོར་ལ་རང་གི་བསམ་ཚུལ་བྲིས།


རྒྱ་བོད་ཧོར་སོགས་ལོ་རྒྱུས་དེབ་ཐེར་ནང་། །

བོད་སོག་རྒྱ་གསུམ་མཆོན་ཡོན་འབྲེལ་བ་དང་། །

བོད་སོག་རྒྱ་གསུམ་དར་རྒུད་ཅི་བྱུང་སོགས། །

ཞིབ་ཏུ་གསལ་བ་འདི་ན་ཅུང་ཙམ་བཤད། །

ཅེས་ཚིགས་སུ་བཅད་པ་འདིའི་ལམ་སྣེ་དྲངས་ནས་བོད་རྒྱ་ཧོར་གསུམ་འབྲེལ་བ་མདོར་ཙམ་བཤད་པ་ལ། 

༡༽ བོད་སིལ་བུའི་དུས་སྐབས་སུ་སོག་པོའི་ཆབ་སྲིད་ལ་འཕོ་འགྱུར་ཅི་བྱུང་། 

༢༽ ས་སྐྱ་དང་ཡོན་གོང་མའི་དབར་གྱི་འབྲེལ་བ། 

༣༽ ཕག་གྲུ་དང་མིང་གོང་མའི་དབར་གྱི་འབྲེལ། 

༤༽ ༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་གུ་ཤྲི་ཁང་དབར་གྱི་འབྲེལ་བ། 

༥༽ ཡོན་གོང་མའི་སྐབས་ནས་བོད་དེ་རྒྱའི་ཆ་ཤས་སུ་གྱུར་ཚུལ་དེ་མི་འཐད་པའི་སྐོར།

༡༽ བོད་སིལ་བུའི་དུས་སྐབས་སུ་སོག་པོའི་ཆབ་སྲིད་ལ་འཕོ་འགྱུར་ཅི་བྱུང་།


 བོད་སིལ་བུའི་དུས་སྐབས་སུ་སོག་པོའི་ཆབ་སྲིད་ཀྱི་མངའ་ཐང་ཆེན་པོ་བྱུང་ཡོད། དེ་ཡང་སོག་པོ་ཞེས་པ་ཅི་ཞིག་ལ་ཟེར་བ་ཡིན་ཞེ་ན། དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ། བོད་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་དེའི་མིང་ལ་སོག་པོ་དང་། ཧོར་ཀྱི་རྒྱལ་ཁབ་ཆེན་པོ་ཞེས་འཁོད་ཡོད། དེང་སང་ཨིན་སྐད་དུ་ Mongolia ཞེས་འབོད་ལ། རང་རེ་བོད་མི་ཚོས་ཆེན་པོ་ཧོར་གྱི་ཡུལ་ཞེས་འབོད། བོད་སྐད་དུ་སོག་པོ་དང་ཧོར་ཞེས་མིང་ཐོགས་ཚུལ་ནི། གནའ་བོའི་རྒྱའི་ཧན་དང་ཐང་གོང་མའི་དུས་སུ་སོག་པོའི་རིགས་རྒྱུ་ལ་ཟུང་ནུའུ་ཞེས་འབོད། དེ་ཙམ་དུ་མ་ཟད་བོད་ཀྱི་བྱང་ཕྱོགས་སུ་ཡོད་པའི་གྲུ་གུ་དང་ཡུ་གར། ཆི་ཏན། ཧྲི་ཝེ་བཅས་ཀྱི་སྤྱིའི་མིང་ལའང་ཧོར་ཞེས་འབོད་སྲོལ་འདུག ། ཡང་ལོ་རྒྱུ་གཞན་དུ་སོག་པོ་ནི་མོང་གོལ་ཞེས་པའི་མི་རིགས་ཀྱི་མི་ལ་ཟེེར་བ་དང་། ཡང་སོག་པོའང་ཆེན་པོ་ཧོར་ནི་དབུས་ཨེ་ཤི་ཡའི་ཁོངས་ཀྱི་སྐམ་ས་ཆེན་མོའི་རྒྱལ་ཁབ་ཞིག་ཡིན། བྱང་ཕྱོགས་སུ་ཨུ་རུ་སུ་དང་ལྷོ་ཕྱོགས་སུ་རྒྱ་ནག ། ཤར་ཏུར་ཀི་སི་ཐན་སོགས་ཁྱིམ་མཚེས་ཆགས་ཡོད། 


དེ་ཡང་བོད་སིལ་བུ་འཐོར་སྐབས་སོག་པོའི་མངའ་ཐང་དར་རྒྱས་སུ་ཕྱིན་ཡོད། སོག་པོའི་རྒྱལ་ཁབ་འཛུགས་མཁན་དང་པོ་ནི་ཇིང་གིར་རྒྱལ་པོ་ཡིན་ཏེ། ཁོང་ཆུང་དུས་ཡབ་ཚོ་དཔོན་གཞན་པས་བཀྲོངས་ནས་ཇིང་གིར་གྱི་མི་འཐོར་ཞིག་ཏུ་སོང་སྟེ་ཡུལ་ཕྱོགས་གཞན་དུ་མི་འཁྱམ་ཐབས་མེད་བྱུང་། ནར་སོན་རྗེས་ཕྱིར་རང་ཉིད་ཀྱི་ཡུལ་སྡེར་ལོག་སྟེ་མངའ་འབངས་ཁག་ཅིག་རྩ་འཛུགས་བྱས་ནས་ཡབ་ཀྱི་དགྲ་བོ་དང་འཐབ་ནས་ཕྱི་ནང་གི་ཡུལ་སྡེ་མང་པོ་བཅོམ། མཐར་སྟོབས་ཤུགས་ཇེ་ཆེར་གྱུར་ནས་ཧོར་ཡུལ་མཐའ་དག་དབང་དུ་བསྡུས་ནས་གཅིག་གྱུར་བྱས། ཕྱི་ལོ་༡༢༠༦ལོར་ཧོར་ཡུལ་གྱི་མི་དཔོན་རྣམས་ཚོགས་འདུ་འཚོགས་ནས་ཇིང་གིར་རྒྱལ་པོ་ཧོར་ཡུལ་གྱི་རྒྱལ་པོ་ཆེན་པོ་བསྐོས། མོང་གོང་ཧན་བྱ་བྱ་བའི་ཧོར་ཆེན་པོའི་རྒྱལ་ཁབ་བཙུགས། ཇིང་གིར་ཧན་གྱིས་ཕྱི་ཕྱོགས་སུ་དམག་དྲངས་པའི་འགོ་བརྩམས་ཏེ་མི་ཉག་ཡུལ་དུ་དམག་དཔུང་ལན་གསུམ་ཙམ་དྲངས་ནས་མཐར་མི་ཉག་རྒྱལ་རབས་བཅོམ། དེ་ནས་མན་ཇུ་རིགས་ཀྱི་མེས་པོ་ཅིན་རྒྱལ་རབས་ལ་ཕར་རྒོལ་དྲག་པོ་བྱས་ཏེ་ཕམ་པར་བྱས། དེ་ནས་མཐའ་འཁོབ་ཀྱི་ཡུལ་གྲུ་མང་པོ་བཅོམ་ནས་མངའ་ཁོངས་རྒྱ་བསྐྱེད་དུ་བཏང་། ཧོར་དམག་གིས་མཐའ་བཞིའི་རྒྱལ་ཁབ་ཁག་ལ་དཔུང་འཇུག་བྱས་ཏེ་ཡ་གླིང་དཀྱིལ་མ་དང་ཨོའུ་གླིང་གི་ཤར་ངོས་སོགས་འཛམ་གླིང་ཡུལ་གྲུ་རྒྱ་ཆེན་པོ་བཙན་བཟུང་བྱས་ཏེ་སྲས་རྣམས་ཡུལ་ཁམས་རེ་རས་གོ་བགོས་ཏེ་སོ་སོར་དབང་སྒྱུར་བྱེད་དུ་བཅུག ། དེ་ན་མི་ཉག་ཡུལ་དུ་ཇིང་གིར་ཧན་གྲོངས། དེ་ནས་ཁོང་གི་སྲས་རིམ་བཞིན་གྱིས་སྲིད་དབང་འཛིན་པའི་ལམ་ལུགས་ཆགས། དེ་དག་གི་ནང་ནས་སྙན་གྲགས་ཆེ་ཤོས་ནི་བོད་ཀྱིས་སེ་ཆེན་རྒྱལ་པོ་འབོད་པ་དེ་ཡིན། ཆེན་པོ་ཧོར་གྱི་རྒྱལ་སྲིད་བཟུང་སྟེ་རྒྱ་ནག་དང་བཅས་པའི་ཡུལ་གྲུ་ཡོངས་རྫོགས་བདག་གིར་བཟུང་ནས། ཧོར་གྱི་མིང་ཡོན་རྒྱལ་རབས་ཞེས་པར་བསྒྱུར་ནས་རྒྱལ་ས་ཧོར་ཡུལ་ནས་དེང་གི་པི་ཅིན་མཁར་ལ་སྤར་ཏེ་ལོ་ངོ་སོ་ལྔའི་རིང་ལ་ཆབ་སྲིད་དར་ཞིང་རྒྱས་པར་གྱུར། རྒྱལ་པོ་འདི་ནི་དབང་ཐང་ཆེ་ཞིང་བཀའ་ལུང་བཙན་པ་ཞིག་ཡིན་ཞེས་གྲགས། འཕགས་པ་བློ་གྲོས་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་། 

ཇིང་གིར་རྒྱལ་པོས་ཕྱི་ལོ་༡༢༢༧ལོར་མི་ཉག་རྒྱལ་པོ་ཆམ་ལ་ཕབ། རྨ་ཆུ་བརྒལ་ཏེ་ཀླུ་ཆུའི་སྨད་རྒྱུད་ཤིང་ཀུན་དང་ཀ་ཅུ་ནས་རྨ་ཆུའ་ལྷོ་རྒྱུད་ཀྱི་དགུ་ཆུ་དང་བྱང་རྒྱུད་ཙོང་ཆུའི་རྒྱུད་ཀྱི་ཟི་ལིང་སོགས་ལ་དཔུང་འཇུག་བྱས་ཏེ་བོད་ཀྱི་ས་ཆར་ཧོར་དམག་སླེབས། 

བོད་ཀྱི་ཡུལ་གྲུ་དང་གྲོང་ཁྱེར་མང་པོ་བཅོམ་ཞིང་བཙན་མཁར་དང་དགོན་སྡེ་ཐུག་ཚད་གཏོར་བས་བོད་དབུས་གཙང་གི་མགོ་དཔོན་རྣམས་ཀྱིས་རྒོལ་ལན་སློག་མ་ནུས་པར་མགོ་བཏགས་ཞུས། ཡང་ཇིང་གིར་རྒྱལ་པོས་གཙང་པ་དུང་ཁུར་དབ་ཕྱུག་བཀྲ་ཤིས་བྱ་བར་བླ་མ་བསྟེན་ནས་བནྡེ་ཤེད་སྐྱེད་ཀྱིས་འཇའ་ས་བྱིན་ཚུལ་བྱུང་བ་སོགས་དང་། 

གཞན་ཡང་། ཕྱི་ལོ་༡༢༢༧ལོར་ཆིང་གེ་སེང་གེ་ལ་ནད་ཕོག་སྟེ་གྲོངས་པ་དང་། སྲས་ཨ་གེ་ཏ་ཞེས་བྱ་བ་ཡབ་ཀྱི་གོ་སར་ཕེབས། ཆིང་གེ་སེང་གེ་སྐུ་གྲོངས་པ་བོད་ཕྱོགས་སུ་ཐོས་འཕྲལ་བོད་ཀྱི་ཡུལ་དཔོན་གྱིས་སྔར་གྱི་འདབ་ནོར་སོགས་མ་སྤྲད་གཤིས། གོ་དན་ཁང་ཁྲོས་ཏེ། ལྕགས་བྱི་ཕྱི་ལོ་༡༢༤༠ ལོར་གོ་དན་ཁང་གི་དམག་དཔོན་ལི་ཅི་དང་། དོན་ཐའི་སོགས་དམག་ཁྲི་ཚོ་གསུམ་ཙམ་བཏང་ནས་བོད་ཀྱི་ར་སྒྲེང་དགོན་པ་དང་། རྒྱལ་ལྷ་ཁང་སོགས་མེར་བསྲེགས་བཏང་བ་དང་། བཙན་པ་ལྔ་བརྒྱ་ཡི་སྲོག་བཅད། སྐབས་དེ་དུས་བོད་ཀྱི་དགོན་སྡེ་མང་པོ་དང་ལྷ་ཁང་མང་པ་མེར་བསྲེགས་པ་དང་། གྲྭ་བཙུན་སོགས་མི་མང་པོ་དམར་གསོད་བཏང་ཡོོད།

བོད་སིལ་བུ་དུས་སྐབས་སུ་སོག་པོ་རྒྱལ་པོོའི་མངའ་རྒྱས་དར་རྒྱས་སུ་བྱུང་བ་ནི་ལོ་རྒྱུས་སྨྲ་བ་ཀུན་གྱི་ཞལ་གཅིག་གྲགས་ལྟ་བ་དང་དེ་ནི་བསུ་མི་ཐུབ་པའི་ལོ་རྒྱུས་ཤིག་རེད། མདོར་ན་བོད་སིལ་བུ་དུས་སྐབས་སུ་ས་སྐྱ་དང་ཕག་གྲུ་སྲིད་གཞུང་སོགས་རིམ་པ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་ཡོད་ལ་སོག་པོའི་དབང་ཤུགས་ཀྱང་གང་ཙམ་ཞིག་བོད་ལ་སླེབས་ཡོད། མངོན་གསལ་ཆེ་ཤོས་ཤིག་ནི་༧རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གི་རིང་དུ་སོག་པོའི་དབང་ཤུགས་བོད་ལ་སླེབས་ཡོད་ལ་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པ་རྒྱལ་བ་ཡང་སོག་པོའི་དབང་ཤུགས་སམ་དྲག་ཤུགས་ལ་བརྟེན་ནས་བཙུགས་པ་རེད་ཅེས་པ་དེ་ལོ་རྒྱུས་དེབ་ཐེར་ཡོངས་ཀྱི་ཞལ་གཅིག་གྲགས་ལྟ་བུ་རེད། དེས་ན་སྐབས་དེ་དུས་སོག་པོའི་མངའ་ཐང་ནི་ཤིན་ཏུ་ཆེ་བ་ཡིན་ས་རེད་དྲན་འོང་། རྒྱུ་མཚན་ནི་གོང་སྨྲས་དེ་དག་གོ ། 


༢༽ ས་སྐྱ་དང་ཡོན་གོང་མའི་དབར་གྱི་འབྲེལ་བ། 


འདི་ལ་ས་བཅད་གསུམ་གྱི་སྒོ་ནས་བཤད་ན། དང་པོ། ས་སྐྱ་ངོས་བཟུང་བ། གཉིས་པ། ཡོན་གོང་མའང་ཡོན་རྒྱལ་རབས་ངོས་བཟུང་བ།  གསུམ་པ། ས་སྐྱ་དང་ཡོན་གོང་མའི་དབར་གྱི་འབྲེལ་བ།

1) ས་སྐྱ་བ་ངོས་བཟུང་བ། ས་སྐྱ་ནི་ཡུལ་གྱི་མིང་ཡིན་ཞིང་ཡུལ་གྱི་མིང་དགོན་པ་དང་དེ་ནས་སྲིད་གཞུང་གི་མིང་དུ་ཆགས་པ་ཡིན་སྐད། དེ་ཡང་། ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེ་ནང་དུ། བོད་ས་སྐྱ་རྫོང་གི་ཁུངས་སུ་བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་གནས་དེར་གཟིགས་སྐབས་དཔོན་པོ་རི་གླང་ཆེན་ཉལ་བ་དང་འདྲ་བའི་ཁ་དཔུང་<མཁལ་ཁུང་>གཡས་པའི་ཐད་ནས་ས་དཀར་སེང་གདོང་འདྲ་བ་ལ་གྲུམ་ཆུ་གཡས་སུ་འཁོར་བ། ལྷོ་ནི་མཎྜལ་སྤུངས། ནུབ་ཆུ་མིག་རྫིང་ཁ་རྨ་བའི་གདོང་དང་མཚུངས་པའི་ས་དཔྱད་དགེ་བརྒྱད་དགེ་བཅུ་སོགས་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པ་མཁྱེན་ནས་གནས་འདིར་དགོན་པ་བཏབ་པས་དགོན་མིང་དུ་ཡུལ་དེའི་སའི་ཁ་དོག་ལ་གཞིགས་ནས་ས་སྐྱ་དགོན་ཞེས་བཏགས། རང་ཉིད་ཀྱི་ས་གདས་ས་ཡུན་རིང་དུ་མཛད་དེ་བླ་མ་འབྲོག་མི་ནས་རྒྱུད་པའི་བཤད་པ་སོགས་དར་བར་མཛད་ཅིང་གདུལ་བྱ་མང་པོ་སྨིན་གྲོལ་དུ་བཀོད་ནས་བསྟན་པ་དང་འགྲོའི་དོན་རྒྱ་ཆེར་མཛད་པ་ནས་བཟུང་གྲུབ་མཐའ་འདི་ཉིད་འཛིན་མཁན་ལ་ས་སྐྱ་བ་ཞེས་གྲགས། 


ས་སྐྱའི་གདུང་རྒྱུད་སྐོར།


ས་སྐྱའི་གདུང་རྒྱུད་ནི་འོད་གསལ་ལྷ་ལས་བབས་ཤིང་རུས་ནི་དྲི་མེད་འཁོན་དུ་གྲགས། རིགས་ནི་རྒྱ་གར་གྱི་རིགས་བཞི་སྟེ། རྒྱལ་རིགས། བྲམ་ཟེའི་རིགས། རྗེའུ་རིགས། དམངས་རིགས་བཞི་ལས་ཞང་བློན་རྗེའི་རིགས་ཡིན་ཡིན། རུས་ནི་གུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ། གནམ་ལྷ་སྤྱི་རིང་དང་གཡུ་རིང་གཡུ་སེ་བྱ་བའི་མཆེད་གསུམ་མི་ཡུལ་དུ་བབས་པ་ལ། ཆུང་བ་གཡུ་སེས་མིའི་རྗེ་མཛད་པས་དེ་ལ་སྲས་བཞི་བྱུང་ཞིང་། དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ་པས་ལྡོང་བཏུལ་ནས་བྲན་དུ་བཀོལ། བར་པ་གཡུ་རིང་གིས་རུས་དམུ་ཅན་གྱི་བུ་མོ་དམུ་ཟ་ལྡེམ་བུ་བྱ་བ་ཁབ་ཏུ་བཞེས་པས་སྲས་མ་སངས་སྤུན་བདུན་དུ་གྲགས་པ་བྱུང་། དེའི་སྔ་མ་དྲུག་ལྷ་ཡུལ་དུ་གཤེགས་ཤིང་ཐ་མ་ཆུང་མ་སངས་སྤྱི་རྗེ་བྱ་བ་མི་ཡུལ་དུ་བཞུགས་ནས་ཐོག་ལྷ་འོད་ཅན་གྱི་བུ་མོ་ཐོག་ལྕམ་འུར་མ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་བང་པ་སྟགས་ཏུ་གྲགས་པ་བྱུང་། དེས་ཀླུ་ལྕམ་བྲ་མ་བྱ་བ་ཁབ་ཏུ་བཞེས་པས་སྲས་ཀླུ་ཚ་སྟག་པོ་འོད་ཅན་བྱུང་། དེས་མོན་བཟའ་མཚོ་མོ་རྒྱལ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་གཡའ་སྤང་སྐྱེས་སུ་གྲགས་པ་བྱུང་། འདིས་སྲིན་པོ་སྐྱ་རེངས་ཁག་མེད་བྱ་བར་ཆུང་མ་གཡའ་འབྲུམ་སི་ལི་མ་ཟེར་བའི་མཛེས་མ་ཞིག་ཡོད་པ་ཁྱོ་བོ་བསད་དེ་མོ་ཕྲོགས་ནས་རང་གི་ཁབ་ཏུ་བསུས་པ་ལ་སྲས་གཅིག་བྱུང་བ་ལྷ་དང་སྲིན་པོ་འཁོན་པའི་བར་དུ་བྱུང་བ་ཡིན་པས་མིང་གཡའ་ཕྲུག་འཁོན་པ་སྐྱེས་ཞེས་བཏགས། དེ་ནས་གདུང་རྒྱུད་རིམ་པར་སྤེལ་བ་ལ་འཁོན་ཞེས་གྲགས། མཐའ་མེས་འཁོན་ཤྰཀྱ་བློ་གྲོས་བྱ་བ་བྱོན་ཅིང་དེ་ལ་སྲས་གཉིས་བྱུང་བ་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ད་ང། གཅུང་ས་སྐྱའི་མེས་པོར་གྱུར་པ་འཁོན་དཀོན་མཆོག་རྒྱལ་པོ་ཡིན། དེ་དག་ནི་ལྷ་སྒྲུང་ལྟ་བུ་ཡིན་ཀྱང་ས་སྐྱའི་གདུང་རྒྱུད་དེ་འོད་གསལ་ལྷ་ལས་མཆེད་པ་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་། ཁྱད་པར་དུ་དཔལ་ས་སྐྱའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་དག་ལས་གསལ་པོ་འདུག་ན་དེ་དེ་བཞིན་ནོ་ཞེས་སྨྲས་སོ།།


2) ཡོན་རྒྱལ་རབས་ངོས་བཟུང་བ། 


ཡོན་རྒྱལ་རབས་སམ་ཡོན་རྒྱལ་རྒྱུད་ཅེས་པ་ཡོན་ནི་རྒྱ་ཡི་སྐད་ཡིག་ཏུ་ཡོད་པའི་ཧོར་རྒྱལ་པོའམ་སོག་པོའི་རྒྱལ་རབས་ལ་གོ་བ་ཡིན་ལ། དེ་ཡང་ཡོངས་གྲགས་སུ་ས་སྐྱ་པཎ་ཆེན་ཐོག་མར་གདན་འདྲེན་མཁན་གྱི་ཧོར་རྒྱལ་པོ་ཞེས་པ་དེ་ནི་རྒྱའི་སྐད་དུ་ཡོན་རྒྱབས་སུ་འབོད་པ་དེ་དེང་གི་སོག་པོ་མི་རིགས་ཀྱི་མེས་པོ་ལ་ཟེར་བ་ཡིན་ཞིང་། 

དེ་ཡང་ཡོན་རྒྱལ་པོ་རིམ་བྱོན་ནི་ཕྱི་ལོ་ ༡༡༧༤ ལོར་ཧོར་ཇིང་གིར་རྒྱལ་པོ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༢༡༧ ལོར་མི་ཉག་རྒྱ་པོ་ཐོ་རྫི་དང་རྒྱ་ནག་གི་རྒྱལ་པོ་ཧུ་དབང་ཞེས་བྱ་བ་གཉིས་ཀྱི་རྒྱལ་ཁམས་ཧོར་གྱིས་དབང་བསྒྱུར་བྱས་ཤིང་། ཇིང་གིར་རྒྱལ་པོ་མི་ཉག་གྷའི་ས་ཆར་ཕྱི་ལོ་ ༡༢༤༠ ལོར་དགུང་ལོ་༦༦སྟེ་སྟོན་ཟླ་དང་པོའི་ཚེས་བཅུ་གཉིས་ལ་སྐུ་གཤེགས། ཕྱི་ལོ ༡༢༤༠ ནས་ཧོར་རྒྱལ་གཉིས་པ་ཨོ་ཀོ་ཏས་རྒྱལ་སྲིད་ལོ་དྲུག་བསྐྱངས། ཕྱི་ལོ་ ༡༢༤༦ ལོར་ཧོར་རྒྱལ་གསུམ་པ་གོ་ཡུག་གིས་རྒྱལ་སྲིད་ཟླ་དྲུག་བསྐྱངས། ༡༢༤༦ ལོར་གོ་ཡུག་རྒྱལ་པོ་ཧོར་གྱི་རྒྱལ་ཁྲིར་འཁོད་ཡོད་དེ། ས་པཎ་མཆོག་དང་ཕྱི་ལོ་ ༡༢༤༧ ལོར་མཇལ་འཕྲད་གནང་། ཕྱི་ལོ་ ༡༢༤༧ ནས་ཧོར་རྒྱལ་བཞི་པ་མོང་གོལ་རྒྱལ་པོས་རྒྱལ་སྲིད་ལོ་དགུ་བསྐྱངས། ཕྱི་ལོ་ ༡༢༥༥ ནས་ཧོར་རྒྱལ་ལྔ་བ་སེ་ཆེན་རྒྱལ་པོས་རྒྱལ་སྲིད་ལོ་སོ་ལྔར་བསྐྱངས། ཕྱི་ལོ་ ༡༢༩༠ ནས་ཧོར་རྒྱལ་དྲུག་པ་ཨོལ་ཇ་དུས་རྒྱལ་སྲིད་ལོ་བཅུ་གསུམ་བསྐྱངས། ཕྱི་ལོ་ ༡༣༠༣ ནས་ཧོར་རྒྱལ་བདུན་པ་གོ་ལུག་རྒྱལ་པོས་རྒྱལ་སྲིད་ལོ་ལྔར་བསྐྱངས། ཕྱི་ལོ་ ༡༣༠༨ ནས་ཧོར་རྒྱལ་བརྒྱད་པ་བུ་ཡན་དུས་རྒྱལ་སྲིད་ལོ་དགུ་བསྐྱངས། ཕྱི་ལོ་ ༡༣༡༧ ནས་ཧོར་རྒྱལ་དགུ་པ་གོ་གན་རྒྱལ་པོས་རྒྱལ་སྲིད་ལོ་གསུམ་བསྐྱངས། ཕྱི་ལོ་ ༡༣༢༠ ནས་ཧོར་རྒྱལ་བཅུ་པ་མེ་སྲན་ཐེ་མུར་གྱིས་རྒྱལ་སྲིད་ལོ་ལྔར་བསྐྱངས། ཕྱི་ལོ་ ༡༣༢༥ ལོར་ཧོར་རྒྱལ་བཅུ་གཅིག་པ་ར་ཁྱི་ཕག་གིས་རྒྱལ་སྲིད་ཞག་པོ་བཞི་བཅུར་བསྐྱངས། ཕྱི་ལོ་ ༡༣༢༥ ནས་ཧོར་རྒྱལ་བཅུ་གཉིས་པ་ཀུ་ཤ་ལས་རྒྱལ་སྲིད་ལོ་གཅིག་བསྐྱངས། ཕྱི་ལོ་ ༡༣༢༦ ནས་ཧོར་རྒྱལ་བཅུ་གསུམ་པ་འཇའ་ཡུན་དུས་རྒྱལ་སྲིད་ལོ་ལྔར་བསྐྱངས། ཕྱི་ལོ་ ༡༣༣༡ ལོར་ཧོར་རྒྱལ་བཅུ་བཞི་བ་རིན་ཆེན་དཔལ་གྱིས་རྒྱལ་སྲིད་ཟླ་གཅིག་བསྐྱངས། ཕྱི་ལོ་ ༡༣༣༡ ནས་ཧོར་རྒྱལ་བཅོ་ལྔ་པ་ཐོ་གོན་ཐེ་མུར་གྱིས་རྒྱལ་སྲིད་ལོ་སོ་དྲུག་བསྐྱངས། མདོར་དྲིལ་ན་ཡོན་གོང་མའི་རྒྱལ་རྒྱུད་དང་ས་སྐྱ་དབར་མཆོན་ཡོན་འབྲེལ་བ་བྱུང་བ་དེ་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་དར་རྒུད་མང་དུ་བྱུང་ཡོད་ལ་ཕན་ཐོགས་བྱུང་ཡོད་ལ་གནོད་པའི་ཆ་ཡང་བྱུང་ཡོད་པ་ལོ་རྒྱུས་དེབ་ཐེར་ཁག་གིས་ཞལ་གྲགས་འོང་བ་དེས་ནའོ།།


3) ས་སྐྱ་དང་ཡོན་གོང་མའི་དབར་གྱི་འབྲེལ་བ། 


དཔལ་ལྡན་ས་སྐྱ་བ་དང་ཡོན་གོང་མའི་དབར་གྱི་མཆོན་ཡོན་གྱི་འབྲེལ་བ་ནི་ཕྱི་ལོ་༡༢༤༤ ལོར་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ཧོར་ནས་བླ་མཆོད་དུ་གདན་དྲངས་ཏེ། ཕྱི་ལོ་ ༡༢༤༦ ལོའི་ཟླ་བ་༨ པར་ལིང་ཆུ་རྩེའི་ཁབ་ཏུ་ཆིབས་བསྒྱུར་བསྐྱངས།  ཕྱི་ལོ་ ༡༢༤༧ ཟླ་བ་༡ པོར་རྒྱལ་བུ་གོ་དན་དང་ཞལ་འཛོམས་བྱུང་སྟེ། ཧོར་བོད་དབར་ལ་སྔར་བྱུང་མྱོང་མེད་པའི་མཆོད་ཡོན་གྱི་འབྲེལ་བ་ཐོག་མ་དེ་བྱུང་ངོ་།། 

རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཕེབས་དོན་རྒྱུ་མཚན་ཆེ་བ་བཞི་སྟེ།  


༡༽ ཧོར་སོག་གི་སྐྱེ་བོ་གདུག་བ་ཅན་རྣམས་ཀྱི་སེམས་རྒྱུད་མ་རུང་བ་འདུལ་རྒྱུ་དང་། སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་རྒྱུ། 

༢༽ ས་སྐྱ་པཎྜི་ཏ་ཧོར་གྱི་ཡུལ་དུ་ཕེབས་དགོས་པའི་ལུང་བསྟན་ཡོད་ཅིང་། ལྷག་པར་ཁོང་གི་བླ་མ་རྗེ་བཙུན་པ་ཆེན་པོས་ཁྱེད་ཉིད་སྐུ་ཚེ་སྨད་ལ་ཧོར་གྱིས་གདན་འདྲེན་ཞུ་མི་ཡོང་བས། ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཡོང་བས་ཅི་ནས་སོངས་ཤིག་ཅེས་བཀའ་གསུང་ལྕི་མོ་སྤྱི་བོར་སྨིན་པ་དང་། 

༣༽ རྒྱལ་བུ་གོ་དན་གྱིས་ས་པཎྜི་ཏ་མཆོག་གདན་འདྲེན་གྱི་ཕོ་ཉ་མངགས་ཏེ། གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པར་གཏོང་བ་ཇི་ཙམ། ཁྱེད་ཀྱིས་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ། ངས་མཐའི་ཁྲིམས་ར་བླངས་དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་ལ་སོམས་ལ་ཁྱོད་མགྱོགས་པར་ཤོག་ཅེས་ང་རྒྱལ་ཆེན་པོས་ཞི་དྲག་གཉིས་འཛོམས་ཅན་གྱི་འཕྲིན་ཡིག་ཅིག་ཀྱང་བསྐུར་གནང་བ། 

༤༽ བོད་ཁམས་སུ་ཧོར་གྱིས་བཙན་འཛུལ་དང་སུན་གཙེར་མི་ཡོང་བའི་སླད་སྐུ་སྲོག་དང་དཀའ་ཚེགས་གང་ལའང་མ་འཛེམས་པར་སོག་ཡུལ་དུ་ཕེབས་པ་བརྩམས། ཕྱི་ལོ་ ༡༢༤༧ ལོར་བོད་རབ་བྱུང་བཞི་པའི་མེ་མོ་ལུག་ཟླ་བ་དང་པོར་རྒྱལ་བུ་གོ་དན་ཕྱིར་ལིང་ཆུ་རྩེར་ཕྱིར་ཕེབས་པ་དང་ས་སྐྱ་པཎྜི་ཏ་མཆོག་དང་ཞལ་འཛོམས་བྱུང་སྟེ། ཡུ་གུར་གྱི་ལོ་ཙྭ་བ་བརྒྱུད་ནས་ཆོས་སྲིད་གཉིས་ཐད་ནས་གསུང་གླེང་ལྷུག་པོར་གནང་བས་རྒྱལ་བུ་གོ་དན་གྱི་ཐུགས་ཡིད་ཉེ་བར་འཕྲོག་ཅིང་ཆོས་སྲིད་གཉིས་ཐད་ནས་ས་པཎ་མཆོག་ལ་བཀུར་བཟོ་ཆེ་བར་མཛད།

ཆོས་རྗེ་ས་པཎ་མཆོག་གི་ཐུགས་དགོངས་ལ་བོད་དུ་བྱོན་པ་ལས་ཧོར་ཡུལ་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་མང་པོར་ཕྱོགས་གང་ཐད་ནས་སྨན་པའི་དགེ་མཚན་དུ་མ་མཐོང་སྟེ། བོད་དུ་ཕྱིར་མ་བྱོན་ཀྱང་། ཆོས་རྗེ་ས་པཎ་མཆོག་གིས་དབུས་གཙང་ཁམས་གསུམ་གྱི་གཙོས་པའི་བོད་སྐད་སྨྲ་བ་པོ་ཐམས་ཅད་ལ་བཀའ་ཡིག་ཅིག་བསྐུར་ཏེ་ལྟ་ཀློག་བྱས་ནས་ཉམས་སུ་ལེན་དགོས་ལུགས་གསུངས་ཤིང་། བཀའ་ཤོག་འདི་གོ་བོད་ཧོར་དབར་གྱི་ནམ་ནམ་ཞར་ཞར་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ། བཀའ་ཤོག་དེར་བརྟེན་ནས་བོད་ཧོར་ཕྱོགས་གཉིས་ཀའི་མཆོད་ཡོན་གྱི་འབྲེལ་ལམ་ཡུན་ནས་ཡུན་དུ་སྲ་བརྟན་དུ་བཏང་ཡོད། 

དེ་ནས་རྒྱ་བུ་མོང་གོར་དང་། ལྷན་ཅིག་ཏུ། རྒྱ་ནག་ལ་བྱོན། རྒྱལ་པོ་སེ་ཆེན། གོ་སེ་ལ། ལུ་བའི་ཤན་ན་བཞུགས་པ་དང་མཇལ་བས། ཤིན་ཏུ་མཉེས་པ་ནས། ཧོར་གྱི་རྟ་པ་བརྒྱ་སྐོར་གཅིག བྱང་ངོས་ལ་ཕྱིན་ནས། ས་སྐྱ་པ་(ས་སྐྱ་པཎྜི་ཏ)བླངས། ཡོན་མཆོད་དུ་འབྲེལ་བ་ཡོན་གོང་མ་དང་བྱུང་བ་ཡིན། རྒྱ་ཧོར་གྱི་ཡུལ་དུ་ལོ་མང་བར་བཞུགས་ནས་ཡུལ་དེ་འགྲོ་དོན་རྒྱ་ཆེར་མཛད་ནས་ཡུལ་དེར་དགོངས་པ་ཆོས་དབྱིངས་སུ་ཐིིམ་པའི་ཚུལ་སྟོན། 

ཆོས་རྗེ་ས་པཎ་དགོངས་པ་མ་རྫོགས་གོང་གོ་པེ་ལ་སེན་ཆེན་རྒྱལ་བུ་དང་ཞལ་འཛོམས་བྱུང་བ་མ་ཟད། སྐབས་དེར་འགྲོ་མགོན་འཕགས་པ་མོང་གོལ་རྒྱལ་པོ་ལྷན་གཅིག་ཏུ་རྒྱ་ནག་དུ་བྱོན་སྐབས་གོ་པེ་ལ་སེ་ཆེན་རྒྱལ་པོ་དང་མཇའ་འཕྲད་ཐེངས་དང་པོ་དེ་བྱུང་། ཕྱི་ལོ་ ༡༢༥༣ བོད་རབ་བྱུང་བཞི་བའི་ཆུ་མོ་གླང་ལ་གོ་པེ་ལ་སེན་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ཕོ་བྲང་དུ་གདན་དྲངས་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ས་སྐྱའི་གདུང་རབས་སུ་གསལ་ཏེ། “དེ་ནས་གླང་ལོ་ལ་སེ་ཆེན་གན་གྱིས་གདན་དྲངས་པ་ནས་ཕོ་བྲང་དུ་བྱོན་ཏེ་རྒྱལ་པོས་གཞན་གྱིས་དྲིས་པའི་ལན་མ་ཐེབས་པའི་ཐེ་ཚོམ་མང་པོ་དྲིས་པའི་ན་རྒྱུ་མཚན་དང་བཅས་པ་གསུངས་པས་མཉེས་ཏེ་གོ་པེ་ལ་སེ་ཆེན་རྒྱལ་པོས་དངོས་སུ་འགྲོ་མགོན་འཕགས་པ་གདན་འདྲེན་ཞུས་པ་ཐེངས་དང་པོ་ཡིན།

དེའི་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ཡི་ཕོ་བྲང་ཏའི་ཏུར་བྱོན་ནས་དབང་ཆེན་གནང་བ་དང་། མོང་གོལ་རྒྱལ་པོ་དང་གོ་པེ་ལ་སེ་ཆེན་རྒྱལ་པོ་རྣམ་གཉིས་ཀྱིས་འཇའ་ས་ཁྱད་པར་ཅན་ཕུལ་སྟངས་གླེང་བ། གོ་པེ་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པར་ཆོས་ཀྱི་ཡོན་དུ་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་མི་ཡུར་ཆེན་མོ་དབང་ཡོན་དུ་འབུལ་ནས་ཡོན་གོང་མའི་རྒྱལ་རྒྱུད་དང་མཆོན་ཡོན་གྱི་འབྲེལ་བྱུང་ཡོད། 

དེ་ཡང་པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་<< དེབ་དམར་གསར་མ་ལས་>> དེའི་ཚེ་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་བདུན་བཞེས། བཅུ་དགུ་པ་ནས་སེ་ཆེན་རྒྱལ་བུར་བཞུགས་པའི་བླ་མཆོད་མཛད། ཉི་ཤུ་རྩ་གཅིག་པ་ཤིང་ཡོས་ལ་མེ་ཏོག་ར་བའི་སྡེར་བསྙེན་‘འུ་ཡུག་པ་ཆེན་པོ་མ་གཤེགས་ན་དབུས་སུ་མཛད་རྒྱུར་འདུག’ པར་རྫོགས། ཉེར་དྲུག་པ་ལྕགས་སྤྲེལ་ ༡༢༦༧ ལ་སེ་ཆེན་རྒྱལ་སར་ཐོན་པས་གོང་མའི་བླ་མར་གྱུར་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་མཆོད་ཡོན་རྣམ་གཉིས་ཞེས་གྲགས་ཆེ། སོ་གཅིག་པ་ཤིང་གླང་ ༡༢༦༥ ཤིང་མོ་གླང་)ལ་བོད་དུ་ཕེབས། སླར་ས་མོ་སྦྲུལ་ ༡༢༦༩ ལ་གོང་དུ་བྱོན་ཏེ་(འདི་རེས་ཤིང་ཁུན་གྱི་ལྷ་ཁང་བཞེངས)ལོ་བདུན་བཞུགས་ནས་ཞེ་གཉིས་པ་མེ་བྱི་ ༡༢༧༦ ལ་ས་སྐྱར་ཕེབས་ཞེས་གསལ་བས། 

ཕྱི་ལོ་ ༡༢༥༣ ལོར་གོ་པེ་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བཀུར་བ་དང་། གོ་པེ་ལ་སེ་ཆེན་རྒྱལ་པོ་ཡོན་གོང་མའི་རྒྱལ་ཁྲིར་མངལ་གསོལ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡོན་གོང་མའི་དབུ་བླ་མཛད་དེ་དབང་བསྐུར་བས། གནམ་ཉི་ཟླ་ཟུང་གཅིག ས་ལ་མཆོད་ཡོན་རྣམ་གཉིས་ཞེས་དམངས་ཁྲོད་དུ་རླུང་ལྟར་གྲགས། དེ་ལྟར་ན་སེ་ཆེན་རྒྱལ་པོ་ཡོན་གོང་མའི་ཁྲིར་འཁོད་རྗེས་དབང་ཡོན་ལ་རིམ་པ་བཞིན་བོད་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་ཡུར་ཆེན་པོ་ཕུལ་ཞེས་དང་། 

ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་<<ས་སྐྱའི་གདུང་རབས་སུ།>>དེ་ལྟར་ན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་དགུ་པ་ཆུ་མོ་གླང་གི་༡༢༥༣ ལོ་གསར་ལ་སེ་ཆེན་གན་གྱིས་དབང་ཞུས། ཏི་ཤྲཱིའི་མཚན་གསོལ། གཡང་ཀྲིའུ་ལས་བྱས་པའི་རི་མོ་ལ་ཡི་གེ་ས་དང་རིན་པོ་ཆེ་ཡོད་པའི་དམ་ཁ་ཕུལ། གཞན་ཡང་གསེར་དང་མུ་ཏིག་གི་སྣམ་སྦྱར། སྐུ་ཆོས། ཕྱམ་ཚེ། དབུ་ཞྭ། ཆག་ལྷམ། བཞུགས་གདན། གསེར་གྱི་ཁྲི། གདུགས། གསོལ་ཞལ། གསོལ་སྡེར་ལ་སོགས་པ་ཚང་མ་རྔ་མོ་དམ་ཆིབས་དྲེའུ། གསེར་གྱི་སྒ་འཁོར་ཚང་མ། ཁྱད་པར་གོང་དུ་བཤད་པའི་ཁྲི་སྐོར་དང་། ཆོས་དུང་སོགས་དབང་ཡོན་གྱི་གཙོ་བོ་རྣམས་ཕུལ་བ་ཡིན།

ཕྱི་ལོ་ ༡༢༥༣ ཆུ་མོ་གླང་གི་ལོར་འགྲོ་མགོན་འཕགས་པས་གོ་པེ་ལ་སེ་ཆེན་རྒྱལ་པོར་དབང་བསྐུར་ཏེ་དབང་ཡོན་ལ་ཏི་ཤྲྭིའི་མཚན་དང་བོད་ཁྲི་སྐོར་བཅུ་གསུམ་ཕུལ་ཚུལ་གསལ་ཡང་། འཇའ་ས་བོད་ཡིག་མར་བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་ལ་འབུལ་བ་ཕུལ་ཚུལ་ཟུར་ཙམ་ཡང་བཀོད་མེད་པས་སྐབས་དེའི་ལོ་རྒྱུས་ལ་དོགས་པ་ཆེན་པོ་བྱ་དགོས་པ་ཞིག་ཏུ་མཐོང་།

འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་སྐབས་དེའི་ཡོན་རྒྱལ་རབས་ཀྱི་དབུ་བླ་ཡིན་ཞིང་། རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་གྱི་དབང་ཆ་ཕལ་ཆེར་ཁོང་གིས་བདག་གིར་བཟུང་ཡོད། དེ་བས། སེ་ཆེན་རྒྱལ་པོས་ཀྱང་འགྲོ་མགོན་ཆོས་རྒྱལ་འཕགས་པར་མི་ཤུགས་དང་རྒྱུ་ཤུགས་གང་རུང་གི་མཐུན་རྐྱེན་བླ་མེད་དུ་སྦྱར་ནས་བོད་རྒྱ་ཧོར་གསུམ་གྱི་ས་གནས་སུ་དགོན་སྡེ་མང་དུ་བཏབ་ཅིང་། འཆད་ཉན་ཀྱི་ལས་དོན་ཡང་རྒྱ་ཆེར་སྤེལ། ས་སྐྱ་བས་རང་གི་གྲུབ་མཐའི་དགོངས་དོན་ཁྱབ་སྤེལ་གནང་ཡོད་ལ་རྒྱ་གར་སོགས་ནས་ཀྱང་ནང་ཆོས་སྐོར་ཞིག་བོད་བསྒྱུར་བྱས་ཏེ་རང་ཕྱོགས་ཀྱི་གྲུབ་མཐའ་རིམ་བཞིན་འཐུས་སྒོ་ཇེ་ཚང་དང་རྒྱ་ཁྱོན་ཇེ་ཆེ་རུ་བཏང་ཡོད། སྐབས་དེར་བོད་ལ་ཆོས་བརྒྱུད་མི་འདྲ་བ་མང་པོ་བྱུང་ཡོད་དོ།།

མདོར་ན། ཡོན་རྒྱབས་ཏེ་སེ་ཆེན་རྒྱལ་པོའི་དབང་བསྒྱུར་གྱི་སྐབས་སུ། འགྲོ་མགོན་ཆོས་རྒྱལ་འཕགས་པས་སེ་ཆེན་རྒྱལ་པོས་ཆོག་མཆན་ཐོབ་པའི་འོག་རྒྱ་མི་རིགས་ཀྱི་གནས་འགའ་ལ་དགོན་པ་བཏབ་སྟེ་རྒྱ་ཧོར་བོད་གསུམ་གྱི་སློབ་མ་མང་དུ་བསྐྱངས་ཤིང་། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་མཛད་པའོ།། །།


༣༽ ཕག་གྲུ་དང་མིང་གོང་མའི་དབར་གྱི་འབྲེལ། 


ཕག་གྲུ་དང་མིང་གོང་མའི་དབར་གྱི་འབྲེལ་ལམ་བཤད་པ་ལ་ཕག་གྲུ་དང་མིང་གོང་མ་སུ་ཡིན་མིན་དེ་ཤེས་རྟོགས་བྱ་རྒྱུ་དེ་གལ་ཆེར་སྣང་བས་གཤམ་དུ་ས་བཅད་མི་འདྲ་བ་གསུམ་གྱི་སྒོ་ནས་བརྗོད་འདུན་སྐྱེས་སོང་། 

༡༽ ཕག་གྲུ་ངོས་བཟུང་བ་དང་། 

༢༽ མིང་རྒྱལ་རབས་ངོས་བཟུང་བ། 

༣༽ ཕག་གྲུ་དང་མིང་གོང་མའི་དབར་གྱི་འབྲེལ་ལམ། 


༡༽ ཕག་གྲུ་ངོས་བཟུང་བ་དང་། 

བོད་སིལ་བུ་འཐོར་ནས་བོད་ཡོངས་རྫོགས་དབང་བསྒྱུར་བྱེད་པའི་རིམ་པ་ནས་བསམ་ན། བོད་སིལ་བུ་འཐོར་ནས་ས་སྐྱའི་བོད་ཡོངས་རྫོགས་སྲིད་དབང་བཟུང་། ས་སྐྱའི་བླ་བྲང་ནང་ཁུལ་མ་མཐུན་པའི་རྐྱེན་སོགས་ཀྱིས་ས་སྐྱའི་སྲིད་དབང་ཤོར་བའི་རྗེས་སུ་ཕག་མོ་གྲུ་པའི་བོད་ཡོངས་རྫོགས་དབང་བསྒྱུར། དེ་ཡང་ཕག་གྲུ་ནི་རྒྱལ་མོ་འབྲུག་པས་མཛད་པའི་<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>>ལས། ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་ཀྱི་ས་མིང་ཞིག་ཡིན་ལ། དེ་ཡང་བཀའ་བརྒྱུད་བསྟན་པའི་མངའ་བདག་མཉམ་མེད་རྡོ་རྗེ་རྒྱལ་པོས་རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་༡༡༥༨ ལ་གནས་དེར་ཆོས་གཞི་བཟུང་སྟེ་གདན་ས་ཐེལ་དགོན་པ་བཏབ་པས་ཕག་མོ་གྲུ་པར་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་ཤིང་། རྡོ་རྗེ་རྒྱལ་པོ་ཁོང་དང་གདན་སའམ་ཆོས་རྒྱུད་བཅས་ཀྱི་མིང་ལའང་ཕག་མོ་གྲུ་པ་ཞེས་མཚན་ཐོག་མར་ཆགས། དེ་ནས་བཟུང་ཕག་གྲུའི་གདན་ས་རླངས་ཀྱི་གདུང་རྒྱུད་རིམ་བྱོན་གྱིས་བསྐྱངས་པ་དེ་ལའང་ཕག་གྲུ་ཞེས་འབོད། ཡང་ས་སྐྱ་བའི་དུས་སུ་བོད་ཡུལ་བྱིངས་ཁྲི་སྐོར་བཅུ་གསུམ་དུ་བགོ་སྐབས་ཕག་མོ་གྲུ་པ་ཡང་ཁྲི་སྐོར་གཅིག་བྱས་པས་ཕག་གྲུ་ཁྲི་སྐོར་དང་། དེའི་རྗེས་རབ་བྱུང་དྲུག་པའི་ཤིང་རྟ་ཕྱི་ལོ་༡༢༥༤ ལ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ལག་ནས་བོད་ཡོངས་ཀྱི་སྲིད་དབང་བླངས་ནས་སྣེ་གདོང་དུ་ཕག་གྲུའི་སྲིད་དབང་བཙུགས་ཏེ་ཁ་བའི་ལྗོངས་ཡོངས་ལ་དབང་བསྒྱུར་བྱས་པས་དེ་ལ་ཡང་ཕག་གྲུའི་སྲིད་དབང་ཞེས་བརྗོད། མདོར་ན་ཕག་གྲུ་ཞེས་པའི་མིང་འདི་ཐོག་མར་ཡུལ་མིང་ནས་དགོན་མིང་དང་། རིམ་བཞིན་གྲུབ་མཐའ་དང་ཆོས་ལུགས་མི་སྣ། དེ་ནས་གདན་སའི་ཁྲི་རབས་དང་སྲིད་འཛིན་ས་ཁུལ་བོད་ཡོངས་ཀྱི་སྲིད་དབང་གི་མིང་བཅས་སུ་ཆགས་པ་རེད། འདི་ཚོ་ནི་རླངས་ཀྱི་གདུང་རྒྱུད་ཡིན་ལ་ཕག་གྲུའི་སྐབས་སུ་སྲིད་དབང་མི་ལོ་ཉིས་བརྒྱར་ཉེ་བའི་རིང་དབུས་གཙང་གཙོས་ཆོལ་ཁ་གསུམ་སྲིད་ཀྱི་ཁ་ལོ་བསྒྱུར་རོ།།


༢༽ མིང་རྒྱལ་རབས་ངོས་བཟུང་བ། 


མིང་གོང་མའང་མིང་རྒྱལ་རབས་ནི་རབ་བྱུང་དྲུག་པའི་ས་སྦྲེལ་ཕྱི་ལོ་༡༣༦༨ལོར་ཧོར་རྒྱལ་ཐ་མ་ཐོ་གན་ཐེ་མུར་གྱི་རྒྱལ་ས་ཤོར་ནས་སོག་ཡུལ་དུ་བྲོས། དེ་ཡང་མིང་རྒྱལ་རབས་ཞེས་པ་ནི་དེ་སྔོན་སོག་པོའི་མངའ་འོག་ཏུ་ཡོད་པའི་ཧན་མི་རིགས་གམ་ཧན་རིགས་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན། ཏྰ་མིང་རྒྱལ་རབས་ཀྱི་རྒྱལ་པོ་ཐོག་མ་ཀྲུའུ་ཡོན་ཀྲང་གོང་མའི་རྒྱལ་སར་བསྐོས་ནས་ནན་ཅིན་དུ་མིང་རྒྱལ་རབས་དངོས་སུ་བཙུགས། 


༣༽ ཕག་གྲུ་དང་མིང་གོང་མའི་དབར་གྱི་འབྲེལ་ལམ། 


མིང་རྒྱལ་རབས་ཀྱི་མིང་གོང་མ་དང་པོ་ཀྲུའུ་ཡོན་ཀྲང་གིས་མིང་སྲིད་གཞུང་བཙུགས་ནས་རྒྱལ་ས་ནན་ཅིན་དུ་བྱས་ནས་རྒྱ་ནང་གི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་བྱུང་། དེ་ནས་མིང་རྒྱལ་རབས་་དབུ་བརྙེས་ནས་ལོ་འགའ་ཡི་རྗེས་སུ་ཕག་མོ་གྲུ་པའི་སྡེ་སྲིད་གཉིས་པ་འཇམ་དབྱངས་ཤྭཀྱ་རྒྱལ་མཚན་མཆོག་ལ་མིང་གོང་མ་ཀྲུའུ་ཡོན་ཀྲང་གིས་སྡེ་སྲིད་ཀྭ་ཏིན་གུ་ཤྲི་རྒྱལ་ཁབ་ཀྱི་སློབ་དཔོན་གཙུག་གི་ནོར་བུ་ཞེས་ཆོ་ལོ་དང་དམ་ཁ་གནང་ཐོག །བོད་ཆོལ་ཁ་གསུམ་ལ་ཤེས་སུ་འཇུག་པའི་འཇའ་ས་གནང་བ་དང་དེ་ནས་བཟུང་ཁོང་གི་མཚན་ལའང་གུ་ཤྲི་ཤྰཀྱ་རྒྱལ་མཚན་ཞེས་ཡོངས་སུ་གྲགས། འདི་ནི་ཏྰ་མིང་རྒྱལ་པོས་བོད་ཀྱི་སྡེ་སྲིད་ལ་ཕག་མོ་གྲུ་པར་འཇའ་ས་དང་ཆོ་ལོ་གནང་བའི་ཐོག་མ་དེ་ཡིན། ཕག་གྲུ་སྡེ་སྲིད་གཉིས་པ་འདི་ནས་མིང་གོང་མ་དང་བོད་ཀྱི་དབར་འབྲེལ་བ་དེ་བྱུང་ལ་མིང་རྒྱལ་རབས་སྐབས་བོད་རྒྱའི་དབང་སྒྱུར་གྲལ་རིམ་ལམ་ལུགས་དེ་ཡང་མགོ་ཡང་དུས་སྐབས་འདི་ནས་བཟུང་བརྩམས་པ་ཡིན་ནོ།། 


ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་ལྔ་པ་མི་དབང་གྲགས་པ་རྒྱལ་མཚན་ནི་སྐྱེས་མཆོག་དམ་པ་ཞིག་ཡིན་ལ། ཁོང་གིས་མེས་པོ་གོང་མ་ཏྰ་སི་ཏུ་མཆོག་གི་མཛད་པ་ལྷུར་བཞེས་ཏེ། ཆོས་སྲིད་ལུགས་གཉིས་འཕྲིན་ལས་ཡར་ལྡན་དུ་བསྐྱངས་ཤིང་ཁྱད་པར་དུ་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། བོད་མི་རྣམས་ཀྱི་འཚོ་བ་སྔར་ལས་ལེགས་པ་བྱུང་ཡོད།  ཕྱི་ལོ་༡༣༨༨ ལོར་སྡེ་སྲིད་ཁོང་ལ་ཏྰ་མིང་རྒྱལ་པོས་ཝང་གི་གོ་གནས་དང་གསེར་གྱི་དམ་ཁ་བཅས་གནང་ཞིང་ཕྱིས་སུ་རབ་བྱུང་བདུན་པའི་ས་གླང་ཕྱི་ལོ་༡༤༠༩ ལོར་མིང་གོང་མ་ཡུང་ལོ་ནས་ཁྲན་ཧྭ་ཝང་ཆོས་ཀྱི་རྒྱལ་པོ་བྱ་བའི་འཇའ་ས་དང་ཤེལ་གྱི་དམ་ཁ་སོགས་རིམ་པར་གནང་བ་ནས་བཟུང་མཚན་ལའང་ཝང་གྲགས་པ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་བྱུང་། སྡེ་སྲིད་འདིའི་རིང་ལ་བོད་ཀྱིི་སྟོབས་འབྱོར་དང་ཕག་གྲུའི་སྲིད་དབང་གི་མངའ་ཐང་རྩེར་སོན་པའི་དུས་སྐབས་ཤིག་ཡིན་ཞེས་ལོ་རྒྱུས་ལས་གསལ་བོ་བྱུང་བ་དེ་ཡིན། 

ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་དྲུག་པ་ཝང་གྲགས་པ་འབྱུང་གནས་ནི། ཆུང་དུས་ན་ཐུགས་རབ་ཤིན་ཏུ་ཆེ་ཞིང་གསང་སྔགས་ཀྱི་མཁྱེན་པ་མཆོག་ཏུ་རྒྱས་པར་གྱུར། དགུང་ལོ་ཉེར་དྲུག་པ་རབ་བྱུང་བདུན་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༤༤༠ ལོར་མིང་གོང་མས་ཝང་གི་འཇའ་ས་གནང་བ་ནས་བཟུང་ཝང་གྲགས་པ་འབྱུང་གནས་ཞེས་མིང་དེ་ཐོགས་པ་ཡིན། ཕག་གྲུའི་སྲིད་དབང་མི་ལོ་བཅུ་གསུམ་རིང་ལ་ལུགས་ཟུང་གི་མཛད་པ་མཐའ་དག་སྡེ་སྲིད་གོང་མ་ན་རིམ་གྱི་སྲོལ་བཟང་མི་ཉམས་གོང་འཕེལ་དུ་བསྐྱངས་ཡོད།

ཕག་གྲུ་སྡེ་སྲིད་བདུན་པ་ཝང་ཀུན་དགའ་ལེན་པ་ནི་ལུང་རྟོགས་ཀྱི་ཡོན་ཏན་ལ་མཆོག་ཏུ་མངའ་བས་སྐྱེ་བོ་རྣམས་ཀྱི་སྣང་ངོར་མཛད་པ་མི་ལེགས་པ་གང་ཡང་མ་བྱུང་བ་གྲགས། རབ་བྱུང་བརྒྱད་པའི་ཤིང་ཡོས་ཕྱི་ལོ་ ༡༤༩༥ ལ་མིང་གོང་མས་གསེར་ཡིག་པ་ཆེད་མངགས་ཀྱིས་དམ་ཁ་དབང་གི་འཇའ་ས་གནང་ཞིང་དེ་ནས་བཟུང་མཚན་ལ་ཝང་ཀུན་དགའ་ལེགས་པ་ཞེས་གྲགས་སོ།། སྡེ་སྲིད་འདིའི་སྐབས་སུ་ཡང་མིང་གོང་མ་དང་འབྲེལ་བ་ཡོད་པ་ལོ་རྒྱུས་ལས་ཤེས་འོང་། 

ཕག་གྲུའི་སྡེ་སྲིད་དགུ་པ་ངག་དབང་བཀྲ་ཤིས་གྲགས་པ་དགུང་ལོ་ཉེར་ལྔའི་སྐབས། ཕྱི་ལོ་ ༡༥༡༢ ལོ་ལ་མིང་གོང་མས་ཝང་གི་འཇའ་ས་གནང་ཞེས་མིང་གོང་མ་དང་ཕག་གྲུའི་འབྲེལ་བ་ཡོད་པའི་ཁོངས་སུ་དྲངས་ཆོག་པ་ཡིན། སྡེ་སྲིད་འདིའི་རིང་ལ་ཕག་གྲུའི་སྲིད་དབང་རིན་སྤུངས་པའི་ལག་ཏུ་ཤོར་བའོ།། །།


༤༽ ༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་གུ་ཤྲི་ཁྰང་དབར་གྱི་འབྲེལ་བ། 


༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་གུ་ཤྲི་ཁྰང་དབར་འབྲེལ་ནི་༧རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་སུ་སྲིད་གཞུང་ནི་གཙང་པ་སྡེ་སྲིད་ཡིན་ལ་གཙང་པ་སྲིད་གཞུང་གིས་དགེ་ལུགས་པ་སྡང་ཟུག་ཆེན་བྱས་པ་དང་མཚོ་སྔོན་དུ་ཡོད་པའི་ཆོག་ཐུ་དཔོན་ནས་ཤིང་ཕག་༡༦༣༥ ལོར་རང་གི་བུ་ཨར་ས་ལ་ལང་ཐའི་ཇི་ཁྲི་དམག་དང་བཅས་དབུས་གཙང་དགེ་ལྡན་པའི་དགོན་སྡེ་ཁག་ལ་བསུན་གཙེར་བཟོ་བའི་ཕྱིར་བཏང་བ་དང་། ཁམས་ཕྱོགས་སུ་བེ་རི་རྒྱལ་པོ་སོགས་ཀྱི་དགེ་ལྡན་པ་ཤུལ་མེད་དུ་གཏང་རྒྱུའི་འཆར་གཞི་བཏིང་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ལ་བརྟེན། རི་བོ་དགེ་ལྡན་པའི་བསྟན་པ་རླུང་ནང་གི་མར་མེ་ལྟར་ཆགས་འཇིག་མཚམས་སུ་གྱུར་པ། བོད་པ་བསོད་ནམས་ཆོས་འཕེལ། ཨ་མདོ་དགོན་ལུང་གི་གྲྭ་འགའ་རུ་ལོ་ཙྭ་བ་སྣ་ཆེ། སེམས་ཉིད་ཁ་ཆེ་ཟེར་བའི་བློ་རྒོད་པ་གཉིས་ཀྱིས་དབུས་སུ་ཡོང་སྟེ་སྐྱིད་ཤོད་བྱེ་རི་སྟག་རྩེ་པའི་སྡེ་པ་མཚོ་སྐྱེས་རྡོ་རྗེ་དང་གྲོས་བྱས་ནས་། ལ་མོ་ཆོས་སྐྱོང་ལ་ལུང་ཞུས་པར། བྱང་ཕྱོགས་དཔོན་གྱིས་དགྲ་མགོ་གནོན་ཐུབ་པའི་ལུང་ཐོབ་པ་གསང་སྟེ་འགའ་རུ་ལོ་ཙྭས་དམག་རོགས་འཚོལ་བར་དཔའ་རིས་ཀྱི་དམག་འགའ་ཤས་དང་བཅས་ཇུན་སགར་ཕྱོགས་སུ་ཕྱིན་ནས་སོག་པོའི་རྒྱལ་བློན་རྣམས་ལ་གཙང་པ་སྡེ་འཚོགས་ཏེ་ཏྰ་ལའི་བླ་མ་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་དང་། ཡོན་ཏན་རྒྱ་མཆོ་གཉིས་ཧོར་སོག་ཁུལ་འདིར་འགྲོ་དོན་རྒྱ་ཆེ་གནང་སྟེ་ཆོས་དང་ཟང་ཟིང་འབྲེལ་བ་ཆེ་བ་དང་། དབུས་གཙང་ཆོས་སྡེ་ཁག་ལ་སོག་པོའི་གྲྭ་རྒྱུན་ལ་དམིགས་བསལ་བདག་རྐྱེན་ཡོད་པའི་ལོ་རྒྱུས་སོགས་གྲོས་བསྡུར་གྱིས་མཐའ་མ་དགེ་ལྡན་པའི་རྒྱབ་གཉེར་དུ་བོད་ལ་འགྲོ་གྲོས་བྱས་པར། གུཤྲིར་ཧན་ཁྰང་ནས་ང་འགྲོ་ཞེས་དམ་བཅའ་མཛད་པ་བཞིན་བོད་དུ་ཕྱི་ལོ་༡༦༣༩ ལོར་གུ་ཤྲི་ཁྰང་གིས་༧རྒྱལ་དབང་ལྔ་པ་ཆེན་པོ་མ་མཇལ་གོང་དུ་བོད་མདོ་ཁམས་ཕྱོགས་ཀྱི་བེ་རི་རྒྱལ་པོ་ཆམ་ལ་ཕབ་པ་དང་། མཚོ་སྔོན་དུ་ཡོད་པའི་ཆོག་ཐུ་དཔོན་དང་རང་གི་བུ་ཨར་ས་ལང་དང་། བློན་པ་གཉིས་བཅས་ཚང་མ་དུས་གཅིག་ཏུ་བཀུམས་སོ།། 

དེ་ནས་བོད་དབུས་གཙང་དུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་དྲངས་ནས་རིམ་པའི་སྡེ་སྲིད་གཙང་པ་བའི་སྲིད་དབང་འཕྲོག་ནས་ཀརྨ་བསྟན་སྐྱོང་དབང་པོ་དང་། མགྲོན་གཉེར་བོང་གོང་པ། རྟ་ནག་འོ་རློན་པ། སྒང་ཟུག་པ་བཅས་སོག་པོའི་དམག་གིས་བསྐོར་ཏེ་སྣེའུ་རྫོང་དུ་བརྫངས་སོ།། 


དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ ༢༡༨༦ ཡེཤུའི་འདས་ལོ་༡༦༤༢ རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཟླ་བ་བཞི་པའི་ཚེས་ལྔ་ཉིན་གཞིས་ཀ་བསམ་གྲུབ་རྩེའི་རྫོང་གི་ཚོམས་ཆེན་ནང་དུ། བོད་སོག་གི་བླ་ཆེན་མི་ཆེན་སོགས་སེར་སྐྱ་བགྲངས་ཀྱིས་མི་ལངས་པས་བྱུང་བུར་གཏམས་པའི་དབུས་སུ་མི་འཇིགས་གདོང་ལྔ་བཏེགས་པའི་སེང་གེ་གསེར་གྱི་ཁྲི་འཕང་མཐོན་པོར་ཏྰ་ལའི་བླ་མ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞབས་སོར་འཁོད། ༧གོང་ས་ལྔ་པ་ཆེན་མོ་མཆོག་གི་བཞུགས་ཁྲི་ལས་ལྔ་ཆ་གཅིག་གི་དམའ་བའི་ཁྲི་གཉིས་ལ་གུ་ཤྲིར་ཁྰང་ཆེན་པོ་དང་། ཞལ་ངོ་བསོད་ནམས་ཆོས་འཕེལ་བཞུགས་ནས་ཁྰང་གིས་སྲིད་ན་རིང་བའི་ནང་མཛོད་ཐོག་མཎྜལ་སྐུ་གསུང་ཐུགས་རྟེན་གྱིས་སྣེ་དྲངས། ༧གོང་མ་སེ་ཆེན་གྱིས་འཕགས་པ་རིན་པོ་ཆེར་འབུལ་ཆན་གསུམ་དུ་མཛད་པའི་ཕྱི་མ་མ་སྐྱེས་དགྲའི་རྟེན་སྐལ་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་། ཆོས་དབང་རིན་པོ་ཆེས་གཏེར་ནས་བཞེས་པས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་གསལ་མེ་ལོང་། རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གི་ཞལ་བཀོད་མའི་རིགས་ལྡན་ཡོལ་བར་གྲགས་བའི་ཁྱད་མཚར་ཅན་དེས་སྣེ་དྲངས་ཤར་དར་རྩེ་མདོ་ནས། ནུབ་ལ་དྭགས་ཚུན་གྱི་ས་སྡེ་མི་གསུམ་ལྷ་འབངས་སུ་ཕུལ་ཞིང་། རྒྱལ་པོ་ཉིད་རིགས་རྒྱུད་དང་བཅུས་པ་མཐའ་དག་གཏན་པ་མེད་པའི་མཆོད་སྦྱིན་དུ་འབུལ་སྦྱོར་མཛད། ཞལ་ངོ་བསོད་ནམས་ཆོས་འཕེལ་ལམ། བསོད་ནམས་རབ་བརྟན་ལ་ཏྰ་ལའི་བླ་མའི་སྲིད་ཀྱི་ཞབས་འདེབས་ཞུ་མིའི་སྡེ་སྲིད་ཀྱི་གོ་གནས་ཕུལ་ཞིང་བོད་ལྗོངས་རྒྱ་ཁྱབ་ཡོངས་ལ་དྲིལ་བསྒྲགས་མཛད། 

རྒྱལ་དབང་མཆོག་གིས་རང་ཕྱོགས་དགོན་པ་དང་། ས་རིས་ཕར་ཤོརབ་རྣམས་ནི་ཚུར་ལེན་དགོས་པ་གཞིར་བཅས། དེ་ཕྱིན་བསྟན་དོན་ལར་རྒྱར་མི་བཏུབ་པ་དང། ཚུར་རྒོལ་ཞབས་འདྲེན་མ་བྱུང་ཕྱིན། གྲུབ་མཐའ་མཐའ་དག་རང་འཇགས་སུ་བཞག་ན་རང་གཞན་ཚང་མར་དགེ་མཚན་ཆེ་བ་གཟིགས་ནས་ཆོས་ལུགས་སོ་སོས་རང་གནས་སུ་བཞག། །

དེ་ནས་༧རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ནང་བསྟན་གྱི་བསྟན་པ་རིས་མེད་ལ་བྱང་ཆུབ་པ་ཞིག་ཡིན་གཤིས། སོག་རྒྱལ་གུ་ཤྲི་ཁྰང་གིས་ཀྱང་༧རྒྱལ་དབང་ལྔ་པ་ཆེན་པོ་ལ་གུས་བཀུར་ཚད་མེད་ཞུ་ཞིང་། གུ་ཤྲི་ཁྰང་ཡང་རྒྱལ་པོའི་མཚན་ཙམ་འཛིན་པ་ལས་དབྱར་གྱི་འདམ་གཞུང་དང་དགུན་གྱི་དུས་སུ་ལྷ་སར་རང་བཞུགས་ནས་བོད་སོག་གི་ལས་དོན་གཙོ་ཆེ་ཁག་དང་སོག་དམག་གི་འགོ་འཛིན་བྱས་པ་མ་གཏོགས་བོད་ཀྱི་ཆབ་སྲིད་ཐེར་གཏོགས་གང་ཡང་གནང་གི་མེད་པ་དང་། དགའ་ལྡན་ཕོ་བྲང་དང་གུ་ཤྲི་ཁྰང་གཉིས་ཀྱི་དབར་མཆོད་ཡོན་གྱི་འབྲེལ་བ་ནི་ཆེས་ཟབ་པ་ཞིག་བྱུང་ངོ་།། 

སྐབས་དེར་དུས་རྒྱ་ནག་པོ་མན་ཇུའི་གོང་མ་དང་པོ་ཤུན་ཅིའི་ཀྲི་ནས་རྒྱལ་མཆོག་ལྔ་པ་ཆེན་པོ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་གདན་འདྲེན་ཞུ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ཁོ་ཐེར་ཞེས་པའི་ས་གནས་སུ་ཕེབས་བསུའི་བཀོད་པ་རྒྱ་ཆེན་པོ་དང་བཅས་མན་ཇུ་༧གོང་མ་རང་ཉིད་ཕེབས་བསུར་ཕེབས་པ་དང་མཇལ་མ་ཐག་༧གོང་མའི་ཕྱག་གིས་རྒྱལ་དབང་ལྔ་པ་ཆེན་མོའི་ཕྱག་ལ་འཇུས་ཤིང་མཇལ་དར་སྣེ་སྤྲོད་དང་། ལོ་ཙྭ་བ་བརྒྱུད་ཕན་ཚུན་འཚམས་འདྲི་གནང་ ། གོང་མས་འབུལ་དངོས་དང་། ཏྰ་ལའི་བླ་མ་རིན་པོ་ཆེས་བོད་ཐོན་ཕྱག་སྐྱོས་རྣམས་འབུལ་རེས་མཛད་པ་དང་། གཞི་ལེན་ཤིན་ཏུ་རྒྱས་པ་མཛད་སོགས་གཟེངས་བསྟོད་དང་བཀུར་ཟོལ་ཆེན་པོ་གནང་ཡོད། དེ་དག་རྒྱུ་མཚན་གཅིག་ནི་སོག་པོས་རྟག་ཏུ་རྒྱ་མིའི་ས་མཚམས་སུ་བཙན་འཛུལ་ཡང་ཡང་བྱེད་ཀྱིན་ཡོད་པ་དང་། བོད་རྒྱ་གཉིས་མཆོད་ཡོན་གྱི་འབྲེལ་བ་ཡག་པོ་བྱུང་སོང་ན། སོག་པོས་རྒྱ་ནག་དང་། མུན་ཇུའུ་ས་ཁོངས་སུ་གནོད་འཚེ་མི་བྱེད་པས་རྒྱ་ནག་ལ་དོན་ཕན་ཤིན་ཏུ་ཆེ་བ་མཐོང་ནས་ཏྰ་ལའི་བླ་མ་རིན་པོ་ཆེ་པེ་ཅིན་དུ་གཟེངས་བསྟོད་ཆེ་མཐོངས་དང་གདན་ཞུ་གནང་བ་རེད་ཅེས་ལོ་རྒྱུས་དག་ལས་གསལ་ལ། རྒྱུ་མཚན་ནི་སྐབས་དེར་དུས་སོག་པོ་ཚོས་ཏྰ་ལའི་བླ་མ་རིན་པོ་ཆེར་ཆོས་ཕྱོགས་ནས་བཀའ་གསུང་དང་ལེན་ཞུ་བས་བོད་རྒྱ་མཆོད་ཡོན་འབྲེལ་བ་ཡག་པོ་བྱུང་ན་སོག་པོས་རྒྱ་ལ་གནོད་པ་མི་སྐྱེ་བའི་ཁེ་ཕན་ཡོད་པ་སོང་ཙ་ན། ཏྰ་ལའི་བླ་མ་རིན་པོ་ཆེ་རྒྱ་ནག་ཏུ་གདན་དྲངས་པ་དང་བཀུར་བཟོ་བྱེད་པ་དེ་དག་ཀྱང་རྒྱ་ནག་པོ་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ནའི་དམིགས་ནས་མཆོད་ཡོན་གྱི་འབྲེལ་བ་བཙུགས་པ་ཡིན་ཞེས་ལབ་ན་མི་འགྲིག་རྒྱུ་གང་ཡང་མེད་དོ།།  

མདོར་དྲིལ་ན། ཕྱི་ལོ་༡༦༥༤ ཟླ་བ་༡༢ པའི་ཚེས་༧ ཉིན་གཟིམ་ཁྲིའི་མཐའ་ཅན་དུ་གྱུར་འདུག ། གུ་ཤྲིར་ཁྰང་གིས་བེ་རི་དང་། སྡེ་སྲིད་གཙང་པ་ཆམ་ལ་ཕབ་སྟེ་བོད་ལྗོངས་ཆོལ་ཁ་གསུམ་གྱི་ས་སྡེ་མི་གསུམ་ཏྰ་ལའི་བླ་མ་རིན་པོ་ཆེར་འབུལ་སྦྱོར་ཞུས་པ་དང་ཆབས་ཅིག་ཏུ། རྒྱལ་པོ་རང་ཉིད་མི་རྒྱུད་དང་བཅས་པ་ཏྰ་ལའི་བླ་མའི་ཞབས་འབྲིང་དུ་དད་འབུལ་ཞུས། དེ་ནས་གུ་ཤྲིར་ཁྰང་སྲས་རྒྱུད་དང་བཅས་པར་གཞུང་སོག་རྒྱལ་པོ་ཡབ་སྲས་ཞེས་མཚན་ཆགས་དང་། ཁོང་གི་ཁོངས་སུ་གཏོགས་པའི་དབུས་གཙང་། མཚོ་ཁ་སོགས་ལ་ཡོད་པའི་སོག་པོ་རྣམས་ལའང་གཞུང་སོག་ཅེས་མིང་ཆགས་པ་རེད། 


གུ་ཤྲིར་ཁྰང་གིས་སྲས་བགྲེས་པ་བསྟན་འཛིན་དྰ་ཡང་ཁང་དང་། གཞོན་པ་དཀོན་མཆོག ། དེའི་སྲས་ལྷ་བཟང་ཁྰང་སོགས་ནས་རྒྱལ་པོ་ཞེས་པའི་མཚན་གནས་བཞེས་པར་བརྟེན་བོད་ཀྱི་ནང་ལ་སོག་པོའི་དབང་ཤུགས་མེད་དམ་སྙན་པའི་དོགས་པ་ངན་པ་ཡོང་སྲིད་པས་གོང་གི་རྩི་ཚིག་ཕྱག་བརྗེས་མ་ནས་གསལ་པོ་ཤེས་རྟོགས་ཡོང་རྒྱུ་མ་ཟད། རྗེས་སུ་རིམ་པས་ཐོན་རྒྱུར་ལྟར་ལྷ་བཟང་ཁྰང་གིས་ཆབ་སྲིད་ལོ་བཅུ་གསུམ་རིང་འཛིན་པའང་ཞབས་འབྲིང་ནང་ཚགས་དབང་ཆ་འཕྲོག་རེས་ཀྱིས་བྱུང་བ་ཞིག་ལས་ཕྱིའི་བཙན་འཛུལ་རེད་བསམས་པའི་ངོས་འཛིན་མཛད་མི་རིགས་སོ་ཞེས་ལོ་རྒྱུས་དག་ལས་གསལ་བ་འདི་རིན་ཐང་ཅན་ཞིག་རེད་བསམ་མོ།།

རྒྱལ་དབང་ལྔ་པ་ཆེན་པོ་དང་གུ་ཤྲིར་ཁྰང་དང་མཆོན་ཡོན་གྱི་འབྲེལ་བ་བྱུང་བ་དང་གུ་ཤྲིར་ཁྰང་གིས་སྲས་རིམ་བྱོན་པ་བྱོན་པ་དེ་དག་དང་མཆོན་ཡོན་གྱི་འབྲེལ་བ་བྱུང་བ་ཡོད། བོད་ཀྱི་ལོ་རྒྱུས་ནང་དུ་༧རྒྱལ་དབང་ལྔ་པ་ཆེན་པོ་དང་གུ་ཤྲིར་ཁྰང་དབར་མཆོན་ཡོན་གྱི་འབྲེལ་བ་བྱུང་བ་ནི་བསུ་ཏུ་མེད་པའི་ལོ་རྒྱུས་དྲང་པོ་ཞིག་རེད་ཅེས་པདང་གུ་ཤྲིར་ཁྰང་གིས་དབང་ཤུགས་གང་ཙམ་བོད་ལ་སླེབས་པ་དེ་ཡང་བདེན་པ་ཞིག་རེད། 

སྔོན་གྱི་ལོ་རྒྱུས་བལྟས་ནས་རྙོག་འཛིང་ཞིག།། དེང་གི་འགྱུར་འགྲོས་གཞིགས་ན་དཀའ་ལས་ཤིག །

རང་རྒྱལ་གཞན་ཕམ་དཀའ་གནད་འདུམ་རྒྱ་དེ།། གྲོལ་བའི་ཐབས་ལམ་མཛད་ཅིག་ལྷ་ཡི་ལྷ།། ཞེས་མཇུག་བསྡུས་བའི་ཚིགས་སུ་བཅད་པའོ།། །། 


༥༽ ཡོན་གོང་མའི་སྐབས་ནས་བོད་དེ་རྒྱའི་ཆ་ཤས་སུ་གྱུར་ཚུལ་དེ་མི་འཐད་པའི་སྐོར།


ཡོན་གོང་མའི་སྐབས་ནས་བོད་དེ་རྒྱའི་ཆ་ཤས་སུ་གྱུར་ཚུལ་བཤད་པ་དེ་ཡོན་རྒྱལ་རབས་ཀྱི་དེབ་ཐེར་ནང་བོད་ཡོན་གྱི་མངའ་ཁོངས་ཡིན་པ་བཀོད་པའི་ཡིག་ཆ་ཟུར་ཙམ་མེད། ཡོན་གོང་མའི་སྐབས་ནས་བོད་དེ་རྒྱའི་ཆ་ཤས་སུ་གྱུར་ཚུལ་བཤད་པ་དེ་ནི་རྒྱ་ནག་པོས་ས་པཎ་གྱི་ཕྱག་འཕྲིན་དེར་ལོག་འགྲེལ་བྱེད་པ་རེད་ལ། དེ་ཡང་ས་པཎ་གྱིས་<<བོད་ལ་སྤྲིངས་པའི་འཕྲིན་ཡིག་>>ཏུ་བོད་ཀྱི་མི་སྡེ་ལ་ལས་ད་དུང་ཐར་དུ་རེ་ནས་མགོ་མ་བཏགས་པར་བསྡད་ཡོད་པ་གནས་ཚུལ་བཀོད་པ་ལ་སོགས་ལ་འགྲེལ་ལོག་རྒྱག་ནས་བོད་དེ་ཡོན་རྒྱལ་རབས་ནས་རྒྱའི་ཆ་ཤས་སུ་གྱུར་བཤད་པ་དེ་ནི་ཁུངས་མེད་ལུང་མེད་ཀྱི་སྨྱོན་པའི་གཏམ་འབའ་ཞིག་ལས་མ་འདས་སོ།།

དེ་ཙམ་དུ་མ་ཟད་རྒྱའི་ཡིག་ཆ་ནང་དུ་བོད་དེ་ཡོན་རྒྱལ་རབས་སྐབས་ན་རྒྱའི་ཆ་ཤས་སུ་གྱུར་ཚུལ་རྒྱུ་ཆ་ལོ་རྒྱུས་ཟུར་ཙམ་ཡང་མེད། ཡང་དེ་དག་གང་ལ་གཞི་བཅོལ་གྱི་ཡོད་རེད་ཅེས་ན་མིང་རྒྱལ་རབས་སྐབས་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་གྱུར་བ་བརྗོད་ཀྱིན་ཡོད་རེད། དེ་ཡང་ལོ་རྒྱུས་སྨྲ་བ་པོའི་གཏམ་ཡེ་ནས་མ་ཡིན་ཏེ་་རྫུན་གཏམ་ཁོ་ན་རེད་ཅེས་སྤོབས་པ་གཟེངས་སུ་ཐོན་ནས་ལབ་ནུས་པའོ།། ཡོན་རྒྱལ་རབས་སྐབས་ཡོན་གོང་མ་དང་ས་པཎ་སོགས་དང་མཆོན་ཡོན་གྱི་འབྲེལ་བ་བྱུང་བ་དང་། དེའི་རྗེས་སུ་ཧོར་སེ་ཆེན་རྒྱལ་པོའི་རྒྱབ་སྐྱོར་དང་བཀུར་བཟོ་བླ་ན་མེད་པ་ཞུ། ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བསྟེན་ནས་དབང་ཡོན་ལ་དབུང་གཙང་ཁྲི་སྐོར་བཅུ་གསུམ་གཙོས་བོད་ཆོལ་ཁ་གསུམ་ཕོ་ཕུལ་བ་དང་། གུ་ཤྲིའི་གོ་གནས་དང་བཅས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་མངའ་གསོལ། ཞེས་ལོ་རྒྱས་དག་ལས་རྒྱབ་སྐྱོར་དང་རོགས་རམ་ཞུ་བ་འཁོད་ཡོད། དེ་ཙམ་གྱི་བོད་དེ་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་སུ་ནམ་ཡང་མངའ་ཁོངས་ཡིན་པ་སྒྲུབ་མི་ཐུབ། ཡོན་གོང་མ་དང་བོད་ཀྱི་བླ་ཆེན་དབར་མཆོད་ཡོན་ཀྱི་འབྲེལ་བ་ཙམ་ལ་ཆབ་སྲིད་ཐོག་དེ་ཙམ་རྣོ་ངར་ཆེན་མོ་མེད་པ་སྐབས་དེ་དུས་ཀྱི་ལོ་རྒྱུས་དག་ལས་གསལ་བས་ང་ཚོས་སྤོབས་བ་དང་ལྡན་པའི་ངང་ནས་བོད་དེ་རྒྱ་ཁོངས་མིན་གནའ་སྔ་མོ་ནས་ཀྱང་བོད་དེ་རྒྱ་ཁུངས་སུ་མིན་ཞེས་བརྗོད་དོ།། 


རྒྱལ་མོ་འབྲུག་པས་<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>>ལས། <<སོག་པོ་རྒྱལ་པོ་སེ་ཆེན་རྒྱལ་པོ་དབང་ཐང་ཆེ་ཞིང་བཀའ་བཙན་པ་ཞིག་ཡིན། འཕགས་པ་བློ་གྲོས་རྒྱལ་མཚན་བཀའ་ཡིས་བསྐུས་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས། དེའི་རིང་བོད་དང་འབྲེལ་བ་དམ་ཟབ་བྱུང་བ་མ་ཟད་ཆབ་སྲིད་ཐད་གཅིག་གྱུར་དང་ཆོས་ལུགས་ཐད་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ་བོད་འདི་མེས་རྒྱལ་གྱི་མངའ་ཁོངས་ལ་དངོས་སུ་ཞུགས་པར་གྱུར་པ་ཡོངས་གྲགས་ལྟར་རོ་>> ཞེས་པ་རྩོམ་པ་པོ་གནས་ཡུལ་འཇིགས་སུ་རུང་བ་དང་རྒྱ་ནག་པོས་ཆབ་སྲིད་ཀྱི་གཉའ་ཤིང་ལྕི་བས་རྒྱ་རིགས་ལོ་རྒྱུས་སྨྲ་བ་དག་གིས་བཀའ་ཡིག་ལོག་འགྲེལ་བྱེད་པ་དེ་དག་ལ་གཞི་བཅོལ་ནས་བཤད་པ་དེ་ཡང་བོད་ཀྱི་གཏམ་དཔེ་རྩམ་པའི་རྒྱབ་རྩ་གྲོ་ཕྱེ།། ལྷགས་པའི་འཁུར་ནས་འཁུར་མཉམ་ཟེར་བ་ལྟར་ཡིན་པ་ལས། ལོ་རྒྱུས་སྨྲ་བ་ཞིག་གིས་གཏམ་ནི་ནམ་ཡང་མ་ཡིན་ཏེ་ལོ་རྒྱུས་སྨྲ་བ་དག་གིས་སྒྲུབ་བྱེད་ཀྱི་རིགས་པ་དང་ཤེས་བྱེད་ཀྱི་ལུང་བདེན་པ་ཚད་མ་ཉིད་འགོད་དགོས་པ་ལས་གཡོ་ཟོལ་དང་འཁྱོག་བརྗོད་ཀྱི་རི་མོ་ཡི་གེའི་གཟུགས་སུ་བཀོད་པ་ནི་ལོ་རྒྱུས་ཀྱི་ཁུངས་ཚད་ལྡན་མ་ཡིན་ནོ།།  ངས་གོང་དུ་ལབ་པ་བཞིན་དུ་ཡོན་རྒྱལ་རྒྱད་དང་བོད་དབར་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་ཙམ་དང་ཆབ་སྲིད་ཀྱི་འབྲེལ་བ་ཏོག་ཙམ་བྱུང་བ་དེའི་བོད་རྒྱལ་ཁོངས་ནམ་ཡང་བསྒྲུབ་མི་ཐུབ། དེས་ན་རྒྱ་ནག་པོ་སོག་པོའི་ཆ་ཤས་སུ་འགྱུར་འགྲོ་བ་དང་། བོད་དམག་གིས་རྒྱའི་གོང་མ་གསེར་ཁྲི་བཞག་ནས་བྲོས་དགོས་པ་བཟོས་རབས་བཤད་རྒྱུ་ཡོད་པས་རྒྱ་ཡང་བོད་ཀྱི་མངའ་ཁོངས་སུ་འགྱུར་བ་ཐལ་བ་ལྡོག་ཏུ་མེད། འཛམ་གླིང་ལ་འགྱུར་ལྡོག་ཆེ་བ་དང་སྐབས་དེར་དུས་རྒྱ་ཧོར་བོད་སོགས་ཁྱིམ་མཚེས་རྒྱལ་ཁབ་དབར་ཆབ་སྲིད་ཀྱི་ཐད་ནས་ལེན་རེ་གཅིག་གིས་གཅིག་ས་ཁྱོན་འཕྲོག་པ་དང་། སྐབས་རེ་ཡང་གཅིག་གིས་ཚུར་འཕྲོག་ནས་རང་གིས་རྒྱལ་སྲིད་སྲ་བརྟན་དུ་བཏང་བ་སོགས་ལོ་རྒྱུས་གྱུ་གྱུར་ཅན་མང་པོ་བཤད་རྒྱུ་འདུག ། ཕན་ཚུན་དམག་འཁྲུག་རྒྱག་རེས་དང་ཡང་སྐབས་ཞི་བའི་ཆིངས་འགྲིག་བྱས་པ་སོགས་བྱུང་་འདུག ། 

བོད་སིལ་བུ་འཐོར་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བའི་བར་དང་། ས་སྐྱའི་སྲིད་གཞུང་ནས་ཕག་གྲུ། རིན་སྤུངས་པའི་སྲིད་གཞུང་དང་གཙང་པ་སྡེ་པའི་སྲིད་གཞུང་། གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པ་རྒྱལ་བའི་གཞུངས་གང་གིས་ཀྱང་སྐབས་སུ་ཁྱིམ་མཚེས་རྒྱ་ནག་པོ་དང་མཆོད་ཡོན་འབྲེལ་བ་ཙམ་ལས་བོད་རྒྱ་ཁུངས་ཡིན་པ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཡང་མེད་ལ་སྒྲུབ་བྱེད་ཀྱི་གཏན་ཚིགས་རིགས་པ་དང་ཤེས་བྱེད་ཀྱི་ལུང་གང་ཡང་བདེན་དཔང་མེད་གཤིས། ཡོན་རྒྱལ་རབས་ནས་བོད་དེ་རྒྱ་ཁོངས་ཡིན་རབས་བཤད་པ་ནི་ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་ལབ་དང་ཆང་གིས་བཟི་བ་དང་གདོན་གྱིས་ཞུགས་ནས་ཅི་དྲན་དང་ཅི་བསམ་དུ་བཤད་པ་ཁོ་ནའོ།། ཡང་འདི་དང་འདྲ་མཚུངས་འགའ་ཡོད།  དགྲ་ནག་པོས་ཆབ་སྲིད་ནག་པོ་དང་བཙན་ཤེད་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་བཅུག་པ་དང་། དེང་གི་ཆ་ཡང་དགྲ་ནག་པོས། བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་རྒྱའི་ཆ་ཤས་ཤིག་ཡིན་ཟེར་བ་སོགས་ནི་

སྐབས་དེ་དུས་སོག་པོ་རྒྱ་བསྐྱེད་ཆེ་བ་དང་རྒྱ་ནག་གཙོས་རྒྱལ་ཁབ་མང་པོ་སོག་པོའི་དབང་བསྒྱུར་བ་སོགས་ལོ་རྒྱུས་དེབ་ཐེར་དག་ལས་གསལ་བས་རྒྱ་ནག་པོ་དེ་ཡང་རྒྱལ་ཁབ་རང་རྐྱ་བ་ཞིག་མིན་པས་སོག་པོའི་མངའ་ཁོངས་ཀྱི་ཡུལ་གྲུ་ཞིག་ཅི་ལ་མི་འདོད་དོ། ། མི་འདོད་ན་བོད་དེ་ཅིའི་ཕྱིར་རྒྱ་ཡི་མངའ་ཁུངས་སུ་ཆགས་པ་དང་ཆགས་སྟངས་ཡེ་ནས་མེད་ཅེས་མགྲིན་པ་གཟིངས་སུ་ཐོན་ནས་སྨྲས་པ་སྤྲོ་སོང་ངོ་།། །།


ཡོན་རྗེས་རྒྱལ་རབས་རྗེས་སུ་མིང་རྒྱལ་རབས་བྱུང་དུས་མིང་རྒྱལ་རྒྱུད་དང་བོད་དབར་བོད་ཡིག་ཅན་གྱི་རྡོ་རིང་བཅུ་གཅིག་བཞེངས་ཡོད་པ་དང་། མིང་རྒྱལ་རབས་དུས་ཀྱི་བོད་ཡིག་རྡོ་རིང་གི་ནང་དོན་གཙོ་བོ་ནི།<< བོད་ཡིག་རྡོ་རིང་ཞིབ་འཇུག་ལས།>> མིང་གི་རྒྱལ་པོ་སོ་སོས་བཀའ་ཡི་སྒོ་ནས་དམ་པའི་ཆོས་ཀྱི་རྟེན་དང་བརྟེན་པ་གསར་བཞེངས་དང་ཉམས་གསོ་མཛད་པ་དང་། སངས་རྒྱས་དང་སངས་རྒྱས་བསྟན་པའི་ཡོན་ཏན་ལ་བསྔགས་ཤིང་། སངས་རྒྱས་ཀྱི་ཆོས་དང་བོད་ཀྱི་བླ་སྤྲུལ་མཆོག་ཏུ་བཟུང་བ། བསྟན་འགྲོའི་དོན་དུ་ཕན་བདེ་ལེགས་ཚོགས་བསགས་ཚུལ་སོགས་འཁོད་ཡོད། རྡོ་རིང་དེ་ངོས་སུ་ཆབ་སྲིད་ཀྱི་འབྲེལ་བ་ཡོད་པ་ཚིག་ཟུར་ཙམ་ཡང་མིན་འདུག་བ་ལ་ཞིབ་ན་ཡོན་རྒྱལ་རབས་དང་མིང་རྒྱལ་རྒྱུད་གང་གི་སྐབས་ཡིན་ཀྱང་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་ལོ་རྒྱུས་དེབ་ཐེར་མང་པོའི་ཁ་གྲགས་ཡོང་བས་ང་ཚོས་ཨ་བཤད་ཡང་བཤད་མི་དགོས་ལ་རྒྱ་ནག་པོས་དྲང་པོ་དང་བདེན་པ་ཇི་སྙེད་ཅིག་སྦར་མོའི་བཀབ་ཀྱང་དགུང་གི་ཉི་མ་སྦར་མོའི་བཀག་མི་ཐུབ་པ་ལྟར་བོད་ཀྱི་བདེན་པའི་གནས་ལུགས་དེ་དུས་ནམ་ཡང་རྒྱ་ནག་པོའི་འཁྱོག་བརྗོད་དང་བཙན་ཤུགས་སོགས་གང་གནང་ཀྱང་ས་ཁྱོན་དང་ལུས་བཙན་འོག་ཏུ་བཅུག་ཐུབ་ཀྱང་བདེན་པ་དང་དྲང་བདེན་གྱི་སེམས་ནམ་ཡང་དབང་ཤུགས་དང་བཙན་གནོད་འོག་བཅུག་མི་ཐུབ། དེ་ཡང་༧གོང་ས་བཅུ་བཞི་པ་མཆོག་གིས། རྒྱ་མི་ལ་མེ་མདའ་ཤུགས་ཡོད་པ་དང་། ང་ཚོ་ལ་བདེན་པའི་ཤུགས་ཅེས་དང་། མེ་མདའ་ཡིས་མི་ལུས་ཁ་ལོ་བསྒྱུར་ཀྱང་དྲང་བདེན་དང་ལྷད་མེད་ཀྱི་སེམས་ནམ་ཡང་ཁ་ལོ་བསྒྱུར་མི་ཐུབ་གསུངས་པ་བཞིན་ནོ།། དེ་བཞིན་དུ་གནའ་མི་བོད་ཀྱི་གཏམ་དཔེ་ལ། རྫུན་གྱི་གོང་བུ་ལྕགས་ཡིན་ལ་བརྡོལ་ཞེས་གནའ་མི་རྒན་རབས་པའི་ངག་རྒྱུན་ནས་ཐོན་འོང་བའི་རྩ་ཆེན་གྱི་ཉམས་མྱོང་གི་ལེགས་བཤད་འདི་ནི་འཛམ་གླིང་འདི་ལ་གནས་པའི་སྐྱེ་བོ་བློ་གྲོས་དང་ལྡན་པ་ཡིན་ན་ཡིད་མི་ཆེས་པ་སུ་ཡང་མེད་དོ།། །།


ཤར་ཕྱོགས་འདྲེ་ལག་རིང་པོ་མཐོ་སྒང་བོད་ལ་བརྐྱངས་པ་ནས།།

བོད་ཀྱི་འཁོར་ཡུག་དང་ནི་ཆོས་དང་རིག་གཞུང་གནོད་འཚེ་དང་།།

མི་རྒྱུ་ཟོག་གསུམ་གནོད་འཚེ་ཐེབས་པ་ཅི་འདྲའི་ཡ་ང་ཤིག །ཅེས་ཚིགས་སུ་བཅད་པ་འདིའི་རྒྱ་རབས་རང་སྦྱོང་བྲིས་པ་མཇུག་བསྡུས་པ་ཡིན་ནོ།། ༢༠༢༠/༡༡/༡༡ 


No comments: