དེབ་ཐེར་དམར་པོ། རྩོམ་པ་པོ་ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེའམ( སི་ཏུ་དགེ་བའི་བློ་གྲོས་) ཡིས་བརྩམས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཡིན།
འདི་ནི་རབ་བྱུང་དྲུག་པའི་མེ་ཁྱི་ཕྱི་ལོ་༡༣༤༦ལོར་བརྩམས་པའི་བྱ་བ་ལ་ཞུགས། ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་མེས་རྒྱལ་ནང་ཁུལ་ནས་བོད་དུ་ཕྱིར་ཕེབས་པའི་ལོ། རབ་བྱུང་དྲུག་པའི་ཆུ་ཡོས། ཕྱི་ལོ་༡༣༦༣ ལོར་བརྩམས་པ་ལེགས་གྲུབ་ཟིན། དེབ་ཐེར་འདིའི་ནང་གི་བརྗོད་སྙིང་གཙོ་བོར་ནི་རྒྱལ་པོ་མང་པོས་བཀུར་བའི་རྒྱལ་རབས་ནས་བཅོམ་ལྡན་འདས་ཀྱི་ལོ་རྒྱུས། བཀའ་བསྡུ་རིམ་པ་གསུམ་བྱུང་རིམ་དང་། སྟོན་པའི་བསྟན་རབས་བདུན་བྱོན་ཚུལ། རྒྱ་གར་འཕགས་པའི་ཡུལ་གྱི་རྒྱལ་རབས་དང་རྒྱ་ནག་གི་རྒྱལ་རབས། ཁྱད་པར་དུ་ཐང་བོད་དབར་གྱི་འབྲེལ་བ་བྱུང་སྟངས། ཐང་བོད་དབར་གྱི་ལོ་རྒྱུས་ཤིག་ལ་དཔྱད་མིག་བརྐྱངས་དགོས་ན་དེབ་འདི་ལ་ལན་གཅིག་སྤྱན་མིག་གཟིགས་རྒྱུ་གལ་ཆེན་ཡིན། རྒྱུ་མཚན་ནི་ཐང་བོད་ཀྱི་ལོ་རྒྱུས་གསལ་ཞིང་རྒྱས།
དེ་དག་ལས་འགྲེལ་བཤད་རིན་ཅན་འགའ་ངོ་སྤྲོད་ཚུལ་དུ་འདིར་བྲི་འདོད། དེ་ཡང་། བྱ་རྒོད་ཕུང་པོ་རི། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་ཤཱཀྱ་ཐུབ་པ་ཐེག་པ་ཆེན་པོའི་ཆོས་གསུང་བའི་གནས་རི་ཞིག་གི་མིང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་མང་པ་ཞིག་རང་ལུས་བྱ་རྒོད་དུ་སྤྲུལ་ནས་ཆོས་ཉན་པའི་གནས་ཡིན་པས་ན་མིང་དེ་ལྟར་ཐོགས་པ་ཡིན་ཟེར། ཐང་སན་ཛང་གི་ལམ་ཡིག་ལས། རི་འདི་ནི་གོང་དུ་བཤད་པའི་རྒྱལ་པོའི་ཁབ་ཀྱི་བྱང་སར་མཚམས་སུ་ཡོད་པ་དང་། ས་གནས་གཞན་དག་ལས་མཐོ་ཞིང་། རྡོའི་སྐས་ལམ་ཞེང་ལ་གོམ་བ་བཅུ་དང་། སྲིད་ལ་ལེ་དབར་དྲུག་ཙམ་ཡོད་ཅེས་བཤད།
དེ་བཞིན་དུ། མ་ལ་ཡའི་རི་བོ། རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་སྣེར་ཡོད་པའི་རི་ཞིག་གི་མིང་། རྒྱ་གར་གྱི་ས་དབྱིབས་ཟླ་གམ་གཟུགས་སུ་མེད་པའི་རྩེ་མོ་རྣོ་ཤོས་ན་མ་རུ་ཀུ་ཐ་སྟེ་ཡོངས་གྲགས་སུ་ར་མེ་ན་རི་ཟེར་བ་དེར། ཙན་དན་དང་། ག་པུར་གྱི་རིགས་ཧ་ཅང་མང་པོ་སྐྱེས་པའི་རི་ཞིག་ཡོད་པ་དེའི་མིང་ལ་མ་ལ་ཡ། ཞེས་འབོད་པ་དང་རི་དེའི་རྩེ་མོར་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལེགས་པོ་ཞིག་ཡོད་ལ། རི་དེའི་ལོགས་ཤིག་ནས་བརྡོལ་བའི་ཆུ་མིག་རི་དེ་ལ་ལན་ཉི་ཤུས་བསྐོར་ནས་འབབ་པའི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོར་ཐུག་པ་ཞིག་ཡོད་པ་དངོས་སུ་གཟིགས་པར་བཤད།
སྰ་ལའི་ཚལ་ནི་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། གནས་འདི་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་མྱ་ངནལས་འདས་གནས་ཡིན་པ་དང་། ཤིང་རྣམས་ནི་སྰ་ལ་སྟེ་སྤོས་དཀར་གྱི་ཤིང་། ཡུལ་ལྗོངས་ཡོངས་སུ་རྩྭ་ཀུ་ཤས་ཁྱབ་ནས་ཡོད་པས་ན་ས་གནས་འདིའི་གྲོང་ཁྱེར་གྱི་མིང་ལ་སཱ་ལའི་ཚལ་དང་ཀུན་ཤའི་གྲོང་ཁྱེར་དང་། རྩ་མཆོག་གྲོང་ཞེས་ཐོགས་པར་བཤད། དྲང་སྲོང་སེར་སྐྱའི་གནས་ནས་ཤར་ཕྱོགས་སུ་ལེ་དབར་བརྒྱ་དང་བདུན་ཙམ་གྱི་ཚོད་ན། ཀུ་ཤའི་གྲོང་ཁྱེར་གྱི་ཤུལ་མཁར་སྟོང་གོག་པོ་ཡོད་པའི་ནུབ་བྱང་མཚམས་ལེ་དབར་བཞི་ཆོད་པ་ན། སྰ་ལའི་ཚལ་ཆེན་པོ་ཁོར་ཡུག་ཏུ་ལེ་དབར་སུམ་ཅུ་ཙམ་ཡོད་པ་ལ་དབུས་མཐོ་ཞིང་མཐའ་དམའ་བའི་སྒང་ཞིག་ཡིན་པ་དང་། དེར་སོ་ཕག་ལས་བརྩིགས་པའི་ལྷ་ཁང་ཞིག་གི་ནང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་འདྲ་སྐུ་དང་། དེའི་གཞོགས་སུ་མཆོད་རྟེན་གཅིག་ཡོད་པ་དེའི་ཀ་བ་ལ་བསྐོས་པའི་ཡི་གེའི་ཐོག་སངས་རྒྱས་ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་འདའ་ཚུལ་བསྟན་ཟེར་བ་དང་། ཡང་ཀ་བ་གཞན་ཅིག་གིངོས་སུ་དགུ་པའི་ཚེས་བརྒྱད་ལ་མྱ་ངན་ལས་འདའ་ཚུལ་བསྟན་ཟེར་བ་འཁོད་ཡོད་པ་སོགས་ཀྱི་ལོ་རྒྱུས་རིན་ཐང་ཅན་གྱི་གནས་རི་སྐོར་གཙོ་འདོན་བྱེད་ནས་བཤད་པ་ཡང་དེབ་ཐེར་འདིའི་བརྗོད་བྱ་སྙིང་པོ་གཅིག་ཏུ་འཁུམས་སོ།།
དེ་ནས་མི་ཉག་རྒྱལ་རབས་དང་ཧོར་གྱི་རྒྱལ་རབས་སམ་ཡོན་རྒྱལ་རབས། རྒྱལ་རབས་འདིའི་ནང་འཁོད་དོན། མི་ཉག་གི་ཡུལ་ཐམས་ཅད་རྒྱའི་རྒྱལ་པོའི་མངའ་འོག་ན་ཡོད་པ་ལ། བྱང་ངོས་༢༠༦དང་འགའི་༢༠༧བར་ན། སྨོན་ཤི་ཞེས་པའི་གཞི་བདག་གའི་ཧུ་ཞེས་པ་ཡོད་པ། ཉིན་གཅིག་གི་ཚེ་བྱང་ངོས་ཀྱི་མཁར་ནང་དུ་བུད་མེད་གཅིག་གི་སར་རྟ་པ་དཀར་པོ་དཔོན་གཡོག་བདུན་བྱུང་ནས། དཔོན་དེ་དང་འགྲོགས་པ་ལས། ལོ་གཅིག་ནས་བུ་གཅིག་སྐྱེས། དེའི་དུས་སུ་སྔོན་མེད་པའི་སྐར་མ་གཅིག་ཤར་བས། རྒྱའི་རྩིས་པ་རྣམས་ཀྱིས་མཁར་འདིར་རྒྱལ་པོའི་སྲིད་འཕྲོག་པའི་མི་གཅིག་སྐྱེས་འདུག་བྱས་པ་དང་། རྒྱལ་པོས་ད་དུང་རྩིས་ཀྱིས་ལ་བུ་ཚ་དེ་ཚོལ་ཅེས་བསྒོས་པས། རྒན་མོས་བུ་ཚ་དེ་ས་རྐོང་མོ་གཅིག་ཏུ་སྦས། སྤང་ལེབ་ཀྱིས་ཁ་བཅད། དེའི་སྟེང་དུ་ཆུ་ཕོར་པ་གང་བཟག་པས་རྩིས་པ་རྣམས་ཀྱིས། མཚོ་ཆེན་པོའི་འོག་ན་ཤིང་གི་ས་གཞིའི་འོག་ན་འདུག་ཟེར་བས། འཚོལ་མ་ཐུབ་པར། མཁར་གྱི་ནང་ན་ལོ་གཉིས་འགྲོ་བ་ཚུན་གྱི་བུ་ཚ་ཐམས་ཅད་གསོད་ཅེས་ལུང་བསྒྲགས་ནས། བུ་ཚ་ཀུན་བསད་པ་ལས། རྒན་མོ་དེ་བུ་ཚ་དེ་ཤི་བར་བྱས། རོའི་སྒམ་དུ་བཅུག་ནས་ངུ་ཞིང་ཕྱིར་ཁྱེར། ཆུའི་དཀྱིལ་གྱི་རྩ་མཐུག་པོའི་ནང་དུ་སྐྱུར་བས། ཉིནརེ་བཞིན་བྱ་རྒོད་གཅིག་བྱུང་ནས་བུ་ཆུང་དེ་མི་འཁྱག་པར་བྱས། རྒན་མོ་གཞན་གཅིག་ལ་བ་གཞོན་མ་གཅིག་ཡོད་པ་ཉིན་རེ་བཞིན་བུ་ཆུང་དེའི་སར་ཕྱིན་གིན་འོ་མ་སྟེར་བ་ལས། ཉིན་གཅིག་རྒན་མོ་དེས་བའིརྗེས་ལ་ལྟར་ཕྱིན་པས། བ་དེས་བུ་ཚ་དེ་ལ་འོ་མ་དལ་བུས་སྟེར་བ་མཐོང་། བུ་ཚ་འདི་ཁྱད་པར་ཅན་གཅིག་ཡིན་པར་འདུག་ཟེར་ནས། རྒན་མོ་དེས་བླངས་ནས་བུ་དོད་བྱས། རུས་པ་ངོ་སྣུའི་ཞེས་པ་བོད་སྐད་དུ་བསྒྱུར་ན། བ་ལ་འོ་མ་འཐུང་བ་ཞེས་ཟེར།་བྱིས་པ་དེས་ལོ་བདུན་ལོན་ནས། ན་མཉམ་གྱི་བྱིས་པ་དྲུག་བཙལ་ནས། བྱང་ངོས་ཀྱི་གངས་རིའི་གསེབ་ཏུ་བྲོས་ཏེ་ངོ་ལོག་བརྩམས།
མི་ཉག་རྒྱལ་པོ་རྟ་པ་བདུན་དང་ཕྲད་ནས་རྒྱལ་པོ་བསད། དེ་ནས་རིམས་ཀྱིས་བློན་པོ་ཆེ་བ་རྣམས་ཀྱང་བསད་པས་རྒྱའི་ཡུལ་དུ་གྲགས། དེ་ནས་རྒྱལ་རབས་དྲུག་ན་མི་ཉག་རྒྱལ་རྒོད་བྱུང་ཞེས་དེབ་དམར་དུ་མི་ཉག་རྒྱལ་པོ་བྱུང་རིམ་ཁ་གསལ་པོ་འགོད་འདུག
བོད་ཀྱི་རྒྱལ་རབས་གལ་གནད་ཆེ་བའི་རིགས་དཔྱད་གཞི་ཡིག་ཆ་ཚད་ལྡན་ཅིག་སྣང་། འོན་ཀྱང་། བོད་རྒྱལ་སུ་ཡིན་ངོས་འཛིན་མཛད་སྐབས་སུ་བོད་ཀྱི་རྒྱལ་པོ་རྒྱ་གར་གྱི་ཤཱཀྱའི་རིགས་གསུམ་སྟེ་ཤཱཀྱ་ཆེན་པོ་དང་། ཤྰཀྱ་ལི་ཙ་བྱི་དང་། ཤྰཀྱ་རི་བྲགས་པ་གསུམ་ལས། ཐ་མ་ལ་རྒྱལ་པོ་སྐྱབས་སེང་ཞེས་པའི་བུ་ཆུང་བ་གཅིག་དཔུང་གི་ཚོགས་དང་བཅས་པ་བུད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས་། བོད་ཀྱི་རྗེས་གྱུར་པ་ལྷ་སའི་ཀ་ཚིག་ཀ་ཁོལ་མ་ཁོངས་སུ་དྲངས་ནས་གསུངས་ཡོད།
མངའ་རིས་རྒྱལ་བརྒྱུད་དང་ཆོས་ལུགས་རིགས་སུ་མ་ཆད་པ་དར་ཚུལ་སོགས་ཞིབ་རྒྱས་ཤིག་གསུངས་ཡོོད་པ་ནི་དཔེ་དེབ་འདིའི་བརྗོད་སྙིང་གཙོ་བོར་ཡིན་པ་ལགས་སོ།།
No comments:
Post a Comment