Wednesday, January 01, 2020

བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ།

བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ། སློབ་དཔོན་ཆེན་མོ་རྗེ་བཙུན་བསམ་གཏན་རྒྱ་མཚོ་འམ་ཡོངས་གྲགས་སུ་རྗེ་དམུ་དགེ་བསམ་གཏན་འབོད་པས་བརྩམས་པའི་ལོ་རྒྱུས་དེབ་ཕྲེང་གཅིག་ཡིན། རབ་རྒྱལ་ལྕགས་བྱ་ལོའི་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་རྒྱ་གཅིག << ༡༩༨༡ >>ལོར་བརྩམས་པ་གྲགས། ལོ་རྒྱུས་ཀྱི་དཔེ་དེབ་འདི་ནི་བོད་ཀྱི་རིག་གནས་དར་ཚུལ་གྱི་ཕྱི་རབས་པ་ལ་འཇོག་གནང་བའི་བོད་ཀྱི་རིག་གནས་དར་ཚུལ་ཆེས་གའ་འགངས་ཆེ་བ་ཞིག་ཡིན། དཔེ་དེབ་འདི་ལྗགས་ཀློག་མྱོང་བའི་མྱི་གཅིག་ཡིན་ཕྱིན་བོད་ལ་རིག་གནས་དར་ཚུལ་མ་མཐའ་ཡང་རིགས་རམ་ཙམ་མཁྱེན་རྟོགས་ཡོང་བ་གོ་མ་ཆག །
དཔེ་དེབ་འདིའི་བརྗོད་སྙིང་གཙོ་བོར་ནི་བོད་ཀྱི་རིག་གནས་ཚུལ་སྐོར་ཡིན་ཞིང་རིག་གནས་ཇི་ལྟར་དར་བའི་ཚུལ་ལ་བསྟན་པ་སྔ་དར་གྱི་སྐབས་སུ་བོད་དུ་རིགས་གནས་དར་ཚུལ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ལ་རིག་གནས་དར་ཚུལ་དང་། བོད་ཀྱི་རིག་གནས་རྒྱ་ཡུལ་དུ་དར་ཚུལ་དང་། ཆེན་པོ་ཧོར་སོག་སོགས་བྱང་ནས་བྱང་དུ་དར་ཚུལ་སོགས་ཞིབ་རྒྱས་ཤིག་གསུངས་གནང་འདུག ། དེ་ཡང་དང་པོ་བསྟན་པ་སྔ་དར་སྐབས་སུ་ཡིན་ན་བོད་ལ་རིག་གནས་དར་ཚུལ་ནི། དཔེར་མཚོན་ཞུ་ན་བོད་རང་གི་ཤ་ཁྲག་རུས་གསུམ་ལས་ཆད་པའི་གདོང་དམར་བོད་ཀྱི་བཙན་པོ་དང་པོ་སྟེ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་བར་དུ་རིག་གནས་སོགས་དར་བ་མ་བྱུང་། བོད་རྒྱལ་གྲི་གུམ་བཙན་པོ་ནས་ཁྲབ་དང་མདུང་། གྲི་སོགས་བཟོ་ལས་དར་བ་ནས་བོད་ལ་རིག་གནས་དར་བ་བཞེད་འདུག ། 


དེ་ནས་སྤུ་དེ་གུང་རྒྱལ་དང་དེའི་བློན་པོ་རུ་ལས་སྐྱེས་གཉིས་ཀྱིས་རིང་ལ་ཐོང་གཤོལ་བཟོ་བ་དང་ཞིང་ལ་ཆུ་འདྲེན་པ་སོགས་ཞིང་ལས་དར་བའི་འགོ་ཚུགས་དང་། གསེར་དངུལ་ཟངས་ལྕགས་ཀྱི་རྡོའི་གཏེར་ཁ་ཕུད་དེ་བཞུ་ལེན་བཟོ་ལས་ཅུང་དར་བ་དང་། ཆུ་ལ་ཟམ་པ་འཛུགས་པ་སོགས་འགྲིམ་འགྲུལ་གྱི་ལམ་སོགས་ལའང་ཡར་རྒྱས་ཆེ་ཙམ་བྱུང་། དེ་ཆེས་གྲགས་ཆེ་བ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་སྐབས་སུ་བོད་ལ་སྐད་ཡིག་རིག་གནས་དར་ཚུལ་ནི་སྲོང་བཙན་གྱིས་དགོངས་བཞེད་བཟང་པོ་དང་ཕུག་རྒྱང་རིང་པོའི་དམིགས་ཡུལ་བཟུང་ནས་ཐོན་མི་སོགས་ཤེས་པ་ཅན་བཅུ་དྲུག་རྒྱ་གར་དུ་ཡིག་རིགས་བསླབ་པ་བཏང་བའི་ཁྲོད་ནས་འཇམ་དབྱངས་ཀྱིས་རྣམ་སྤྲུན་ཐོན་མི་སམ་བྷོ་ཊས་པཎྡིཏ་ལྷ་རིག་པའི་སེང་གེ་སོགས་སློབ་དཔོན་བསྟེན་ནས་ཡིག་རིགས་སྦྱོང་ནས་མཁས་པའི་ཕ་རོལ་ཏུ་ཕྱིན། ཕྱི་བོད་དུ་བྱོན་ནས་བོད་ཡིག་བརྩམས་ནས་རྒྱལ་པོ་སྐུ་འཁོར་དང་བཅས་པའི་བསླབ་ནས་མཁས་པར་འགྱུར།
དེའི་རྗེས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་ཡོད་ཙམ་རྒྱ་གར་སོགས་ནས་རྒྱལ་བའི་བཀའ་བསྟན་དུ་མ་བོད་སྐད་དུ་བསྒྱུར། སྒྲ་བསྒྱུར་གྱི་ལོ་ཙྭ་བ་མང་པོ་གདན་དྲངས། དེ་ན་བོད་ལ་ཆབ་དཔལ་རིགས་གསུམ་སོགས་དར་སྤེལ་ཡར་ངོ་ཟླ་བཞིན་གོང་འཕེལ་ཕྱིན་ཡོད་ལ།
ཆབ་སྲིད་ཀྱི་ཆ་ནས་བཤད་ན་སྐབས་དེ་དུས་སྲོང་བཙན་གྱི་མངའ་ཐང་ནི་དར་ཞིང་རྒྱས། བློན་པོའི་ཆ་ནས་མཁས་པ་ཐོན་མི་སམ་བྷོ་ཊ་དང་། མགར་སྟོང་བཙན་སོགས་བློན་པོ་བརྒྱས། བར་གྱི་འཁོད་སྙོམས་པ་དང་ཆོས་དང་སྲིད་ཁྲིམས་བསྐྱངས། ཐོན་མི་སོགས་བོད་ཀྱི་བློན་པོ་མཛངས་མི་བདུན་ཡོད། གཞན་ཡང་ཕྱིའི་བློན་པོ་དང་བཀའ་འི་བློན་པོ་སོགས་མང་དུ་དྲངས་རྒྱུ་ཡོད། 
རྒྱལ་པོ་རང་གིས་བཀའི་ཁྲིམས་ཡིག་ཆེན་པོ་དྲུག་མཛད་པ་དང་། འཁོས་དྲུག་ཀྱང་མཛད། གཞན་ཡང་བཀའ་གྲོས་ཆེན་པོ་དྲུག །ཡིག་ཚང་དྲུག །བཀའི་ཕྱག་རྒྱ་དྲུག ། རྐྱེན་དྲུག ། དཔའི་མཚན་དགུ་དེ་རྣམས་ཀྱི་ཀྱི་སྟེང་དུ་ཁྲིམས་ཡིག་དྲུག་པོ་བསྣན་པས་བོད་ཀྱི་འཁོས་སུམ་ཅུ་རྩ་དྲུག་ཅེས་གྲགས། 
གཞན་ཡང་མཛད་པ་གསུམ་དང་མི་མཛད་པ་གསུམ། བསྟོད་པ་གསུམ་དང་། སྨད་པ་གསུམ། མི་མནར་བ་གསུམ་སྟེ་རྒྱལ་ཁྲིམས་བཅོ་ལྔ་ཞེས་པ་ཡང་མཛད་དོ།།
ཆེས་ལེགས་ཤོས་ཁྲིམས་ནི་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ལ་སོགས་ཁྲིམས་བཟོས། སྐབས་དེ་དུས་སྤྱི་ཚོགས་ཀྱི་ཚད་གཞི་མཐོན་པོ་དང་རིག་གནས་འཕེལ་བའི་ཚད་ངེས་ཅན་ཞིག་ལ་མ་སླེབས་ན། འདི་ལྟ་བུའི་ཁྲིམས་ཡིགས་སོགས་ཀྱང་འབྱུང་མི་སྲིད་ལ་བཟོས་ཀྱང་མི་སྲིད་ཅེས་གསུངས་སོ།།

ཆོས་དར་ཚུལ་གྱི་དབང་དུ་བྱས་ནའང་། རྒྱལ་བའི་བཀའ་བསྟན་མང་པ་བོད་བསྒྱུར་བྱེད་པ་དེ་ནས་བོད་ཀྱི་རིས་མེད་ཀྱི་བཀའ་བསྟན་མང་པོ་བོད་སྐད་བསྒྱུར་བའི་སྲོལ་བཟང་དར། ལོ་ཙ་བ་དང་པོ་ཐུ་མི་རང་གིས་བྱས་ནས་རྒྱ་གར་གྱི་དཔང་སྐོང་ཕྱག་རྒྱ་བ་སོགས་བོད་སྐད་དུ་བསྒྱུར་བ་གྲགས། དེ་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་དུ་འབྲེལ་བ་བཟང་ཕྱོགས་གཉེན་སྒྲིག་བག་སྟོན་དང་མཐུན་ལམ་བཟང་པོ་བསྐྲུན། སྡུག་ཕྱོགས་ཆ་ནས་བཤད་ན་ཁྱིམ་མཚེས་རྒྱལ་ཁབ་དབར་དུ་མི་གསོད་ཁྲག་སྦོར་བྱས་ན་ཕན་ཚུན་དྲག་པོའི་དམག་འཐབ་ལན་མང་པོ་བྱེད་ནས་མི་སེར་ལ་དཀའ་ངལ་ཚད་མེད་བཟོས་པའི་ལོ་རྒྱུས་དག་ལ་གཟིགས་ནས་ཤེས་ཐུབ། མདོར་ནས་སྲོང་བཙན་སྐབས་སུ་ཆེས་བོད་ལ་རིག་གནས་ཚད་གཞི་མཐོན་པོ་དར་ཡོད་ཅེས་ཞུ་ན་འདོད།

ད་དུང་དཔེ་དེབ་འདིའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། གཡུ་ཐོག་ཡོན་ཏན་མགོན་པོ་སྔ་མ། རྒྱལ་པོའི་བླ་སྨན་པ་མཛད། གཡུ་ཐོག་ཡོན་ཏན་མགོན་པོ་རྒྱ་གར་བལ་པོ་རྒྱ་ནག་སོགས་སུ་ལན་དུ་མར་ཕེབས་ཏེ། བོད་ཡུལ་འདིར་གསོ་བ་རིག་པ་དར་ཞིང་རྒྱས་པར་མཛད། བོད་ཀྱི་མཁས་པ་མི་དགུ་ཞེས་པའི་སྨན་པ་མཁས་པ་གྲགས་པ་ཅན་དགུ་བྱུང་། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་ནས་ཧྭ་ཤང་ནེ་ལེ་དང་། དར་ཆེན་ཧ་ར་སོགས་རྒྱ་ནག་གི་མཁས་པ་མང་པོ་བོད་དུ་གདན་དྲངས། བོད་ཀྱི་ལོ་ཙྰ་བ་དང་བྷི་ལ་ཤོང་ཀུན་དང་དར་ཆེན་དཔལ་སོགས་ཀྱིས་ལོ་ཙྰ་བ་བྱས་ནས་རྩིས་དང་གསོ་བ་རིག་པ་སོགས་ཀྱི་གཞུང་ལུགས་མང་པོ་བོད་སྐད་དུ་བསྒྱུར། གསོ་བ་རིག་པའི་ཕྱོགས་ལ་དེའི་སྐབས་སུ་བོད་འདིར་ཕྱོགས་རིགས་ཀྱི་སྨན་པ་གྲགས་ཅན་དགུ་ཡང་ཡོད། དེ་དག་གིས་སྨན་དཔྱད་ཀྱི་རིག་གནས་སྤེལ་ཞིང་། གཡུ་ཐོག་པ་ཆེན་པོ་དང་བགྲོ་གླེང་བྱས་ཏེ། གཡུ་ཐོག་པ་རྒྱལ་ནས་ཀུན་གྱིས་གཡུ་ཐོག་པ་ལ་བཀུར་བཟོ་ཆེར་བྱས། གཡུ་ཐོག་པ་ཆེན་པོས། ཀོང་པོའི་ཡུལ་དུ་སྨན་ལུང་ཞེས་བྱ་བའི་ས་ཆར་སྨན་སློབ་པའི་དགོན་པ་བཏབ་སྟེ། དཔོན་སློབ་སྟོང་ཙམ་དེར་བཟུགས་ནས་རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་དང་བཅས་པ་དང་། ཕྱོགས་རིགས་ཀྱི་སྨན་པ་དགུས་བསྒྱུར་བའི་སྨན་གཞུང་རྣམས་དང་། བོད་ཀྱི་མཁས་པ་མི་དགུས་མཛད་པའི་སྨན་གཞུང་རྣམས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ། བདུད་རྩི་བུམ་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དྲང་སྲོང་སྙན་བརྒྱུད། ཚིག་དོན་ཟླ་ཟེར་ལ་སོགས་སྨན་གཞུང་རྣམས་ལ་སྦྱངས་པ་སྤེལ་བར་མཛད་པས་བོད་ཀྱི་ཡུལ་འདིར་གསོ་བ་རིག་པ་ཆེས་ཆེར་དར་བ་བྱུང་འདུག་གོ། 
 གཞན་ཡང་ད་དུང་བོད་ཀྱི་རྒྱལ་པོ་རིམ་བཞིན་སྐབས་སུ་འབུར་དུ་འཐོན་པའི་རིག་གནས་དར་ཚུལ་འོས་ཤིང་འཚམ་པའི་ཐོག་ནས་འགྲེལ་བརྗོད་ཞུ་འདུག །
བསྟན་པ་ཕྱིི་དར་སྐབས་སུ་ཡང་། དེ་བཞིན་སྟོད་མངའ་རིས་ཀྱི་དཔོན་བཙུན་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རིང་ཡར་མར་ནས་རིམ་གྱིས་རིག་པའི་གནས་དང་མདོ་རྒྱུད་ཀྱི་བསྟན་པ་ཆེས་ཆེར་དར་ཡོད། དབུས་གཙང་གི་མི་བཅུའི་བཀའ་དྲིན་ལ་བརྟེན་ནས་སླར་ཡང་སངས་རྒྱས་ཀྱི་བསྟན་པ་ཉི་འོད་བཞིན་དར་ཡོད། དེ་ནས་ལོ་ཙྭ་བ་མང་པོ་བོད་དུ་གདན་དྲངས་ནས་བོད་དུ་རིག་གནས་མདོ་རྒྱུད་འཛིན་སྐྱོང་སྤེལ་གསུམ་ངང་ནས་དར་བ་མཛད་ཡོད། བརྒྱུད་པ་འདི་ལ་སྨད་འདུལ་ཞེས་གྲགས་སོ།།

གཞན་ཡང་། མངའ་རིས་སྟོད་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཐོ་ལྡིང་གི་དཔེ་མེད་ལྷུན་འགྲུབ་གཙུག་ལག་ཁང་བཞེངས། རྒྱ་གར་ཤར་ཕྱོགས་ནས་པཎྜི་ཏ་དྷ་རྨ་པྰ་ལ་དང་། དེའི་མཁན་བུ་ས་དྷུ་པྰ་ལ་དང་། གུ་ཎ་པྰ་ལ། པྲ་ཛྙྰ་པྰ་ལ་སྟེ་པ་ལ་རྣམ་གསུམ་དྲ་གྲགས་པ་དང་བས་པ་སྤྱན་དྲངས་ནས་མང་པོ་བསྙེན་པར་རྫོགས། ཞང་ཞང་བ་རྒྱལ་བའི་ཤེས་རབས་ཀྱིས་པཎྜི་ཏ་མང་པོ་བསྟེན་ནས་སྒྲ་དང་སྐད་སོགས་རིག་པའི་གནས་མང་པོ་ལ་སྦྱངས་ནས་མཁས་པར་འགྱུར། 

ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རིན་ཆེན་བཟང་པོ་ལ་སོགས་པའི་བྱིས་པ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་སློབ་གཉེར་ལ་བཏང་བས། རིན་ཆེན་བཟང་པ་དང་ལེགས་པའི་ཤེས་རབ་ལོ་ཆུང་གྲགས་འབྱོར་གསུམ་གཏོགས་གཞན་རྣམས་ས་མཐུབ་པས་ཤི། རིན་ཆེན་བཟང་པོས་པཎྜི་ཏས་མང་པོ་བསྟེན་ནས་སྔགས་ལ་སྦྱང་ནས་མཁས་པ་འགྱུར། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། འདི་ནས་བཟུང་སྟེ་བསྒྱུར་བའི་སྔགས་ལ་གསང་སྔགས་གསར་མ་ཟེར། གནས་གཞི་དང་གཙུག་ལག་ཁང་མང་པོ་བཞེངས། གུང་ཤིང་བརྩོན་འགྲུས་ལ་སོགས་པའི་སློབ་མ་མཁས་གྲུབ་མང་པོ་བྱུང་ངོ་།།
ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་པཎྜི་ཏ་སྨྲཱི་ཏི་དང་ཕྲ་ལ་རིང་བ་བྱ་བ་གཉིས་གདན་དྲངས། སྨྲི་ཏིས་བོད་སྐད་དཔྱིད་ཕྱིན་པ་སྦྱོང་ནས་གདན་བཞི་དང་འཇམ་དཔལ་གསང་ལྡན་ལ་སོགས་པ་འགྱུར་མང་པོ་མཛད། ཕྱིས་ལིང་ཆུ་གསེར་ཁབ་ཏུ་བྱོན་ཏེ་སྨྲ་སྒོ་མཚོན་ཆ་ཞེས་བྱ་བའི་བརྡ་སྤྲོད་པའི་གཞུང་དེ་བརྩམས་པ་གྲགས།
རྗེས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས་པཎྜི་ཏ་མང་པོ་གདན་དྲངས་ཀྱང་བསྟན་པ་སྤྱི་ལ་དག་ཐེར་མཐའ་ཆོད་པ་ཞིག་བྱུང་། ལོ་ཙྰ་བ་རྒྱ་བརྩོན་སེང་སོགས་མི་ལྔ་རྒྱ་གར་དུ་མངགས་ན་བི་ཀྲ་མ་ལ་ཤིྰི་ལའི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཚན་དངོས་མར་མེ་མཛད་དཔལ་ཡེ་ཤེས་ཞེས་བྱ་བ་སྤྱན་དྲངས། སློབ་མ་མཁས་པ་མང་དུ་བྱོན་ཡོད་ལ་བསྟན་པ་ལ་བྱ་བ་རྒྱ་ཆེ་བྱས་ཡོད།
བོད་ཀྱི་རིག་གནས་རྒྱ་ཡུལ་དུ་དར་ཚུལ་ནི་ཆོས་རྒྱལ་མེས་དབོན་གྱི་སྐུ་རིང་ལ། རྒྱ་ནག་གི་བཙུན་པ་དང་། རིག་པའི་གནས་ལ་མཁས་པ་མང་པོ་བོད་ཡུལ་དུ་བྱོན་ནས། ཆོས་དང་རིག་གནས་སྤེལ་བའི་མཛད་རྗེས་རླབས་ཆེ། དུས་རབས་ཉི་ཤུ་བའི་འགོ་ཙམ་ནས་བོད་ཀྱི་རིག་གནས་རྒྱ་ཡུལ་དུ་དར་བའི་འགོ་བརྩམས། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བའི་ཡོངས་འཛིན་གཙང་བ་ཡོངས་འཛིན་ཞེས་གྲགས་པའི་མཁས་པ་ཆེན་པོ་དེ་རྒྱ་ནག་ཏུ་ཕེབས་ཏེ་བྱང་ཆུབ་ཆོས་ཚོགས་ཞེས་པའི་ཚོགས་པ་བཙུགས། ཚོགས་པ་དེ་ལྷོ་ཧྲང་ཧེ་ནས་ཁྲུང་ཆེན་དང་ཁྲེང་ཧུའུ་བར་དང་། བྱང་པེ་ཅིན་ནས་ལན་ཀྲུའུ་བར་དུ་དར་ཞིང་རྒྱས་ཏེ་ཚོགས་མི་མང་ཆེ་བ་བོད་ཡིག་དང་བོད་ཀྱི་སུམ་རྟགས་སོགས་རིག་གནས་ལ་སྦྱངས། དེ་ནས་རྒྱའི་མི་རིགས་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གནས་དར་ཚུལ་འགོ་བཙུགས་ནས་ད་བར་ཟམ་རྒྱུན་མི་ཆད་རྒྱུད་གནས་མུས་སོ།།

ཆེན་པ་ཧོར་སོག་ཡུལ་དུ་བོད་ཀྱི་རིག་གནས་དར་ཚུལ་ནི་སོག་པོའི་རྒྱལ་པོ་ཆིང་གི་སི་བོད་དུ་བྱོན་ནས་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རི་བཞི་སོགས་དབང་དུ་བསྡུས། ས་ཆེན་ཀུན་དགའ་སྙིང་པོ་དང་མཆོད་ཡོན་དུ་གྱུར། དེ་རྗེས་ས་པཎ་ཆེན་གོ་དན་གྱིས་སོག་ཡུལ་དུ་གདན་དྲངས་ནས་སོག་པོའི་རྒྱལ་པོ་འཁོར་བཅས་ལ་ཆོས་གསུངས་པ་དང་སོག་པོའི་ཡི་གེ་གསར་བཟོ་མཛད་པ་སོགས་ཡོད་ཀྱང། དེས་སངས་རྒྱས་ཆོས་ཡོངས་སུ་རྫོགས་པ་སོག་སྐད་དུ་བསྒྱུར་བའི་འགྲོ་དོན་བྱེད་མ་ཐུབ་པ་སོང་། བོད་ཀྱི་མཁས་པ་བླ་རིམ་བྱོན་གྱིས་བདག་རྐྱེན་ལ་བརྟེན་ནས། གཞུང་ཆེན་བཀའ་པོད་ལྔ་དང་། རྒྱུད་སྡེ་བཞི། སྒྲ་རིག་པ་དང་སྨན་རྩིས་སོགས་བོད་ཀྱི་ཡི་གེའི་ཐོག་ནས་སློབ་སྦྱོང་བྱེད་བའི་སྲོལ་དར། སོག་པོའི་སློབ་གཉེར་བ་ཆེས་མང་པོ་དབུས་ཀྱི་གདན་ས་ཆེན་པོ་རྣམས་སུ་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱེད་ནས་མཁས་པའི་ཕ་རོལ་སོན་པ་དུ་མ་བྱུང་དང་འབྱུང་བཞིན་ཡོད་ལགས་སོ།། 

གཞན་ཡང་བོད་ཀྱི་རིག་གནས་རྒྱ་སོག་དང་ཡུལ་གྲུ་གཞན་ལའང་དར་བཞིན་ཡོད་པའི་ལོ་རྒྱུས་འདི་ཆེས་རིན་ཐང་ལྡན་པའི་དཔེ་དེབ་གཅིག་ཡིན་རེད་འདུག་ལ་བརྗོད་སྙིང་གཙོ་བོ་ཡང་དེ་རང་ཡིན།། གུས་ནས་སྔ་ཕྱི་རིམ་པའི་དཔེ་ཀློག་ཁྲོད་ནས་ཆེས་འགྲེལ་བཤད་རྒྱས་བསྡུས་འཚམས་ཤོས་ནི་རིག་གནས་དར་ཚུལ་འདི་ཉིད་མཐོང་ངོ་།། 

No comments: