བུ་སྟོན་ཆོས་འབྱུང་། བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཡོངས་གྲགས་ལ་<<བུ་སྟོན་ཆོས་འབྱུང་>>ཞེས་པའི་ཕྱག་དཔེ་འདི་ནི་བོད་གངས་ཅན་ལྗོངས་སུ་སྙན་པ་གྲགས་པ་ཁྲོ་ཕུ་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། དམ་པ་ཁོང་དགུང་ལོ་སོ་གསུམ ༣༣ ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཁྱི་ཕྱི་ལོ་༡༣༢༢ ལོར་སྐད་གྲགས་ཅན་གྱི་གོང་གི་བསྟན་བཅོས་ <<བུ་སྟོན་ཆོས་འབྱུང་།>> ཞེས་བྱ་བ་མཛད། ཡང་ལ་ལས། དུས་རབས་བཅོ་ལྔ་ནང་དུ་མཛད་ཅེས་གསུངས་པ་མ་གཏོགས། ལོ་ཚིགས་རེ་རེ་དང་ཟླ་ངོ་རེ་རེ་བྲིས་པ་ནི་ལོ་རྒྱུས་ཁག་ཏུ་མི་གསལ། བུ་སྟོན་ཆོས་འབྱུང་འདི་ཉིད་ཀྱི་བརྗོད་བྱ་གཙོ་བོ་ནི་བོད་ཀྱི་རིག་གནས་སྤྱི་དང་། རྒྱ་གར་དང་བལ་ཡུལ་དུ་དམ་པའི་ཆོས་བྱུང་ཚུལ་དང་། ཁྱད་པར་དུ་བསིལ་ལྡན་ཁ་བ་རིག་པའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ་དང་། དར་ཚུལ་། དགོས་དོན། མདོ་སྡེའི་གཏོགས་ཁོངས། ཉམས་ལེན་གྱི་བཤད་ཁྲིད་བྱེད་ཚུལ། ཕན་འབྲས་སོགས་ཇི་མ་ཇི་བཞིན་དུ་བསྟན་པའི་ཆོས་འབྱུང་ཁུངས་བཙན་ཤོག་ཅིག་ཡིན། སྲིད་ན་རྙེད་པ་དཀའ་བའི་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜིཏ་དང་ལོ་ཙྰ་བའི་མཚན་གཞུང་། དེ་དག་གིས་དཀའ་སྤྱད་འཁུར་དུ་འཆང་ནས་བསྒྱུར་བའི་བཀའ་བསྟན་བོད་བསྒྱུར་མ་ཡོད་ཏོ་ཅོག་གི་དཀར་ཆག་ཀྱང་བཀོད་ཡོད།
ཁྱད་པར་དུ་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ་བསྟན་པ་གསུངས་པའི་སྐབས་སུ། བསྟན་པ་སྔ་དར་དང་། བསྟན་པ་ཕྱི་དར་གྱི་སྐོར་གསལ་བ་གསུངས་འདུག དང་པོ། བསྟན་པ་སྔ་དར་སྐབས་སུ་བོད་ཀྱི་ཡུལ་འདིར་མིའི་འགྲོ་བ་ཇི་ལྟར་བྱུང་ཚུལ་ལ། བུ་སྟོན་ཆོས་འབྱུང་ལས། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར་སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བ་ཡིན་པར་བཤད། འདི་ནི་ཆོས་ལུགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་པ་མིན་འགྲོ་བསམ། ཆོས་ཁུངས་རྒྱ་གར་ལ་གཏུགས་དགོས་ན། བོད་མི་རིགས་རྒྱ་གར་གྱི་མི་རིགས་ཤིག་ཡིན་དགོས་པའི་ངེས་པར་མེད།
བོད་གངས་ཅན་གྱི་ལོ་རྒྱུས་ཕལ་མོ་ཆེ་ནང་བོད་རིགས་ཆད་པའི་ཁུངས་ངེས་པར་དུ་རྒྱ་གར་དང་རྒྱལ་པོ་བྱུང་བའི་རྒྱུད་རྒྱ་གར་གྱི་རྒྱལ་རིགས་ལ་གཏུགས་གང་ཐུབ་བྱེད་པ་ནི་ཅི་འདྲའི་ཡ་མཚན་ཅིག
མཁས་དབང་ཁག་གཅིག་གིས་བོད་མི་རིགས་གང་ལས་འཆད་པ་དང་རྒྱལ་པོ་གང་ལས་བྱུང་བ་ནི། དང་པོ་བོད་གངས་ཅན་གྱི་སྣོད་ཀྱི་འཇིག་རྟེན་ཆགས། དེ་ནས་བཅུད་ཀྱི་སེམས་ཅན་སྤྲ་དང་སྤྲེའུ་འདུས་ནས་རིམ་བཞིན་བོད་མི་རིགས་ཀྱི་གདོང་རྒྱུད་མིའུ་གདོང་དྲུག་ལ་སོགས་བྱུང་ཞེས་གསུངས་པ་དང་། བོད་ཀྱི་རྒྱལ་རྒྱུད་ནི་བོད་རང་ནས་ཆད་པ་དེང་གི་ཆོས་འབྱུང་འགའ་ཤས་ནང་གསུངས་འདུག་པས་དེ་ནི་དོན་ངོ་མ་འཛམ་གླིང་སྤྱིའི་མི་རིགས་བྱུང་ཚུལ་དང་སྤྱི་ཁོག་ནས་མཚུངས་པ་དེ་ཉིད་ལེགས་པ་མངོན་ནོ།།
No comments:
Post a Comment