དེབ་ཐེར་སྔོན་པོ། བོད་གངས་ཅན་ཡུལ་དུ་ཆོས་དང་ཆོས་སྨྲ་ཇི་ལྟར་བྱུང་བའི་རིམ་པ་བསྟན་པའི་དེབ་ཐེར་སྔོན་པོ་འདི་རྩོམ་པ་པོ་མཁས་པའི་དབང་པོ་འགོས་ལོ་ཙྰ་བ་གཞོན་ནུ་དཔལ་གྱིས་བརྩམས། ཕྱི་ལོ་༡༣༩༢ ནས་༡༤༨༡ བརྩམས། དེབ་ཐེར་འདི་གངས་ཅན་བོད་དང་། རྒྱ་གར། བལ་ཡུལ་བཅས་སུ་མཚན་སྙན་ཡོངས་སུ་གྲགས་པ་དང་། ནང་དོན་གཙོ་བོར་ནི་བོད་གནའ་རབས་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཡིན་ཞིང་། དེཔ་ཐེར་འདི་ལ་སྟོད་སྨད་གཉིས་སུ་ཆ་བགོས་བྱས་ནས་དེབ་གཟུགས་དཔར་དུ་བཏབ་ཡོད། དེབ་ཐེར་དང་པོའི་ནང་དུ་དུམ་བུ་བརྒྱད་དུ་དབྱེ་ཡོད་ལ། དུམ་བུ་དང་པོ་ནི་ཆོས་འབྱུང་གི་རྩ་བ་དང་། རྒྱལ་རབས་ཀྱི་བསྟན་པ་སྔ་དར་གྱི་སྐབས་སུ་བཤད་ཡོད། དེ་ཡང་དཔེར་མཚོན་ཙམ་ཞུས་ན། ཆོས་འབྱུང་ནི་མང་པོས་བཀུར་བའི་གདུང་རབས་དང་། སངས་རྒྱས་ཀྱི་མཛད་པ། བསྟན་པའ་གཏད་རབས་བདུན་དང་། བྱེ་བྲག་སྨྲ་བའི་སྡེ་བ་བཅོ་བརྒྱད་གྱེས་ཚུལ་དང་། སོ་སོར་ཐར་བའི་སྡོམ་བརྒྱུད་ཀྱི་སྐོར་སོགས་ཁ་གསལ་བོ་བྲིས་གནང་མཛད་འདུག །
དེ་དང་ལྷན་དུ་བོད་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་ཀྱིས་བསྟན་པ་གཞི་གཙུགས་པའི་ཚུལ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཙནྟ་མ་ཎིའི་གཟུངས་དང་། སྤང་བཀོང་ཕྱག་བརྒྱ་མ་སོགས་ནམ་མཁའ་ནས་བབས་ཤིང་། མཆོད་པ་བྱས་སྲིད་དང་རྒྱལ་པོའི་ཚེ་འཕེལ་ཏེ། དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ཞེས་གྲགས། དེ་དུས་ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཙམ་ཡིན་གྱི། བྲི་བ་དང་བཀླག་པ་དང་འཆད་པ་སོགས་ནི་མེད། སྲོང་བཙན་སྒམ་པོའི་རིང་ལ་ཐོན་མི་སམ་བྷོཊ་རྒྱ་གར་དུ་བརྫངས་ནས། སློབ་དཔོན་ལྷ་རིག་པའི་སེང་གེ་ཞེས་བྱ་བ་ལས་ཡིག་རིགས་སྦྱངས་ནས་མཁས་པར་གྱུར།
ཕྱིས་བོད་དུ་བྱོན་ནས་རྒྱ་གར་གྱི་ཕྱིི་མོ་ལྔ་བཅུ་ལས་བོད་དུ་ཕྱི་མོ་སུམ་བཅུར་བྱས། དབྱངས་བཅུ་དྲུག་ལས་བོད་ལ་ཉེ་བར་མཁོ་བ་དབྱངས་བཞི་བྱས། དེ་ལྟར་བྱེད་ནས་རྒྱལ་བློན་འཁོར་དང་བཅས་པ་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་བསླབ་ནས་མཁས་པར་གྱུར། ཐོན་མིས་མདོ་སྡེ་དཀོན་མཆོག་སྤྲིན་དང་བསྒྱུར། རྒྱལ་པོས་ཀྱང་བསྟན་བཅོས་མང་དུ་བརྩམས། དེ་བཞིན་དུ་གཙུག་ལག་ཁང་མང་པ་བཞེངས། བཙུན་མོ་གཉིས་པོས་ཀྱང་ར་ས་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས། གསོད་པ་དང་། བརྐུ་བ་དང་བྱི་བྱེད་པ་རྣམས་ལ་ཆད་པ་དང་བཅས་པའི་ཁྲིམས་ལེགས་པར་བཅས། འབངས་རྣམས་ལའང་ཡི་གེ་དང་། མི་ཆོས་གཙང་མ་བཅུ་དྲུག་ལ་སོགས་པའི་ཆོས་ལུགས་ལེགས་པར་བསླབ་སྟེ། རབ་ཏུ་བྱུང་བ་ལ་གསར་དུ་འཛུད་པ་མ་གཏོགས་ཆོས་གཞན་ཤིན་ཏུ་དར་བས་བོད་ཁམས་དཀར་པོ་བྱས་པ་ཡིན་ཞེས་གྲགས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་ལ་སངས་རྒྱས་ཀྱི་བསྟན་པའི་གཞི་མ་གཙུགས་པ་ཡིན། མཁས་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་སློབ་དཔོན་དུ་མ་གདན་དྲངས། མཁན་སློབ་ཆོས་གསུམ་གདན་འཛོམས། བསམ་ཡས་གཙུག་ལག་ཁང་བཞེངས། སད་མི་བདུན་སོགས་རབ་ཏུ་ཞུགས་ནས་བོད་ལ་དགེ་འདུན་གྱི་སྡེ་བཙུགས། སངས་རྒྱས་ཀྱི་བསྟན་པ་ནི་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལུས་པས། བསྟན་པ་དེ་འཛིན་གྱི་སྐྱེས་བུ་ནི་དགེ་འདུན་གྱི་སྡེ་ལ་རག་ལུས་པས་དགེ་འདུན་གྱིས་སྡེ་འཛུགས་པ་ནི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པའོ།།
དུམ་བུ་གཉིས་པ། བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཚིགས་དང་བླ་ཆེན་དཔོན་ཆེན་སོགས་ཀྱི་མཛད་སྤྱོད་དང་། དུམ་བུ་གསུམ་པ་གསང་སྔགས་སྔ་འགྱུར་གྱི་སྐབས་དང་། དུམ་བུ་བཞི་པ།གསང་སྔགས་གསར་མ་དང་། ལམ་འབྲས་རྗེས་འབྲང་དང་བཅས་པ། དུམ་བུ་ལྔ་ཇོ་བོ་རྗེ་བརྒྱུད་པའི་སྐོར་དང་དུམ་བུ་དྲུག་པ་རྔོག་ལོ་པ་ཚབ་བརྒྱུད་པ་དང་བཅས་དང་། དབུ་ཚད་བྱམས་ཆོས་སོགས་ཇི་ལྟར་བྱུང་བའི་སྐབས་དང་། དུམ་བུ་བདུན་པ་རྒྱུད་སྡེའི་བཤད་སྲོལ་ཇི་ལྟར་བྱུང་བའི་སྐོར་དང་། དུམ་བུ་བརྒྱད་པ་མངའ་བདག་ལོ་ཙྰ་བ་ཆེན་པོ་མར་པ་ནས་བརྒྱུད་དེ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པའི་སྐབས་སོགས་ཞིབ་ཚགས་བྲིས་གནང་བའི་ལོ་རྒྱུས་ཚད་ལྡན་ཞིག་དང་།
དེབ་ཐེར་སྨད་ཆ་ནི་དུམ་བུ་དགུ་པ་ནས་བཅོ་ལྔ་བར་དབྱེ་འདུག ། དུམ་བུ་དང་པོའི་ནང་དུ་ཀོ་བྲག་པ་དང་ན་གུའི་སྐབས་ཀྱི་སྐོར་དང་། དུམ་བུ་བཅུ་པ་ནི་དུས་ཀྱི་འཁོར་ལོའི་བྱུང་ཚུལ་དང་། དུམ་བུ་བཅུ་གཅིག་པ་ནི་ཕྱག་རྒྱ་ཆེན་པོའི་སྐབས་དང་། དུམ་བུ་བཅུ་གཉིས་ནི་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་སྐབས་དང་། དུམ་བུ་བཅུ་གསུམ་ནི་གཅོད་ཡུལ་དང་ཁ་རག་བའི་སྐབས་དང་། དུམ་བུ་བཅུ་བཞི་ནི་ཐུགས་རྗེ་ཆེན་པོའི་སྐོར་དང་། རྡོ་རྗེ་ཕྲེང་སོགས་ཀྱི་སྐོར། དུམ་བུ་བཅོ་ལྔ་པ་ནི་ཚོགས་སྡེ་བཞི་སོགས་དགེ་འདུན་གྱི་སྡེ་ཇི་ལྟར་བྱུང་ཚུལ་དང་། ཞུ་ལན། བར་དུ་བཞེངས་པའི་སྐབས་ཀྱི་བྱུང་རིམ་བཅས་ནི་དེབ་ཐེར་འདི་ཡི་བརྗོད་སྙིང་ཡིན། དེ་དག་ལས་གལ་གནད་ཅན་འགའ་ཞུས་ན། དེ་ཡང་། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བདུན་བརྒྱ་དང་ཉི་ཤུ་ལྷག་པ་ཙམ་ན། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཙོང་ཁའི་ཡུལ་དུ་མེ་མོ་བྱའི་ལོ་ལ་སྐུ་བལྟམས། གཞོན་ནུ་དུས་སུ་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྲུབ་རིན་ཆེན་ཞེས་བྱ་བས་སོ་སོ་ཐར་པ་དང་སྔགས་ཀྱི་སྒོར་སྨོན་པར་མཛད་ནས། དབུས་གཙང་གི་ཕྱོགས་སུ་འདི་དང་འདི་ལྟ་བུ་སློབས་ཤིག་ཅེས་པའི་གདམས་པ་ཡང་སྩལ་ནས་སློབ་གཉེར་ལ་བརྫངས། ཐོག་མར་གྱི་ཤོད་དུ་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཞིང་། ཕྱི་ནས་རྗེ་བཙུན་གཞོན་ནུ་བློ་གྲོས་ཀྱི་ཞབས་ཀྱི་དྲུང་དུ་ཡང་དག་པར་བསྙེན་ཏེ་སྡེ་སྣོད་ཕལ་མོ་ཆེ་དང་། ཁྱད་པར་དུ་ཤེས་རབ་ཀྱི་བསླབ་པ་མ་གཏོགས་པར་རྣམ་པར་གྲོལ་བའི་ལམ་གཞན་མེད་པར་དགོས་ཤིང་། དེ་ཡང་དབུ་མའི་བསྟན་བཅོས་ཉིད་ལ་རག་ལས་པར་མཐོང་ནས་ནན་ཏན་དུ་མཛད། སྔགས་ཀྱི་ཕྱོགས་ལ་དཔལ་གསང་བ་འདུས་པའི་རྒྱུད་ནི་རྒྱུད་མཐའ་དག་གི་སྤྱི་བོར་བསྔགས་པ་གཟིགས་ནས་དེའི་སྙིང་པོ་ཚོལ་བ་ལ་ཡང་དག་པར་ཞུགས། རྒྱ་ཆེན་པོའི་གསང་སྔགས་ཀྱི་བདག་པོ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་སྙམ་དུ་དགོངས་ནས། གངོས་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་དང་། ཁྱུང་པོ་ལྷས་པ་སོགས་ལས་ཡང་དག་པར་བླངས།
རྗེ་བཙུན་དེས་བྱ་བྲལ་ལ་ཞུགས་ནས་ད་ལྟར་གྱི་གནས་སྐབས་ལས་བསྟན་པ་ལ་ཆོས་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་གསུང་བཞིན་དུ་བསྒྲུབས་ཏེ། འཁོར་འགའ་ཞིག་དང་ལྷན་དུ་འོལ་ཁར་ཕེབས་ཏེ། དེ་ནས་མོན་བུམ་ཐང་གི་མཐར་ཐུག་པའི་དབེན་པ་རྣམས་སུ་དམ་ལ་བཞུགས། དེའི་ཚེ་བཀའ་གདམས་ཀྱི་གདམས་པ་སྐུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ཤིན་ཏུ་མཐོ་བར་གྱུར་བའི་མཁན་ཆེན་ཆོས་སྐྱབས་བཟང་པོ་དང་། གསང་བའི་བདག་པོའི་སྐུ་དང་གསུང་དང་ཐུགས་ཀྱི་སྣང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་སྐད་ཅིག་ཀྱང་མི་གཡོ་བར་གྱུར་བའི་མཁན་ཆེན་ལས་ཀྱི་རྡོ་རྗེ་གཉིས་ལས་དཔལ་མར་མེ་མཛད་ཡེ་ཤཻས་ལས་འོངས་པའི་ལམ་གྱི་རིམ་པ་དག་གསན་ནས་སྐུ་ཉམས་སུ་བསྟར། རེ་ཤིག་གཉལ་གྱི་མོ་ལའི་རྩར་ཞགས་མཛད་པས། ཁྱེད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་ཅིག་འོང་བར་ཤེས་པར་གྱིས་ཤིག་ཅེས་ལུང་བསྟན་པ་བརྙེས། དང་པོར་བླ་མ་བསྟེན་པའི་ཚུལ་དང་། དེ་ནས་བླ་མས་གནང་བའི་དམ་ཚིག་དང་སྡོམ་པ་ཇི་ལྟར་བསྐྱངས་བ་དང་། དབང་བསྐུར་བ་སྔོན་དུ་འགྲོ་བས་རིམ་པ་གཉིས་ལ་ཇི་ལྟར་སློབ་པའི་ཚུལ་གྱི་ལམ་གྱི་རིམ་པ་དང་། བྱེ་བྲག་ཏུ་་དཔལ་གསང་བ་འདུས་པའི་རྒྱུད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གཙོ་བོར་མཛད་པའི་གདམས་པ་དང་རྗེས་སུ་བསྟན་པའི་བསྟན་བཅོས་མང་དུ་མཛད། དེ་ཡང་དང་པོར་ཡུལ་ཕྱོགས་ཇི་ལྟར་རིགས་པ་རྣམས་སུ་རྒྱུ་ཞིང་གཞན་གྱི་དོན་མཛད་པ་ལས།་ས་མོ་གླང་གི་ལོ་ལ་ཤར་བ་ན་སྨོན་ལམ་ཆེན་མོ་མཛད་ཅིང་། འདུས་པའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་སྣང་བ་སྩལ་ནས།
ལོ་དེ་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། དེ་ནས་ཤིང་མོ་ལུག་གི་ལོ་ལ་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་ནས་སྔགས་མཚན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། སྡེ་སྣོད་འཛིན་པ་ཉུང་རགས་ཤིག་བསྡུས་ནས་དཀའ་བའི་གནས་རྣམས་ཀྱང་གཏན་ལ་ཕབ། དེ་ནས་བསྟན་པ་འཛིན་སྐྱོང་སྤེལ་གནང་མཁན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་རྒྱལ་ཚབ་རྗེ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ལ་སོགས་པའི་སློབ་མ་གྲངས་ལས་འདས་པ་བྱོན་སོང་། ཆོས་ལུགས་དེའི་རྒྱུད་པ་ལ་དགའ་ལྡན་པའང་དགེ་ལུགས་པ་འབོད་ཅིང་དེ་ནས་རི་བོ་དགེ་ལུགས་པའི་བསྟན་པ་བྱུང་བའོ།།
མི་རིགས་ཤིག་གི་འདས་ཟིན་པའི་བྱ་གཞག་ཡག་བཙོག་ལ་མ་བལྟོས་པ་བྱུང་རགས་དེའི་ལོ་རྒྱུས་ཕྱིས་རབས་པ་དག་གི་མིག་སྔར་དུ་མཇལ་རྒྱུ་ཡོད་པ་དེ་ནི་མི་རིགས་ཤིག་གི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན། དེབ་ཐེར་འདི་ནི་བྱུང་རགས་ལོ་རྒྱུས་ཆེས་མང་དུ་ཡོད་པ་ལས་ལོ་རྒྱུས་སྨྲ་བ་ཀུན་གྱི་གཞི་འཛིན་ས་དང་ཁུངས་དྲངས་ས་ཡང་འདི་གཅིག་གྲངས། དཔེ་ཐེར་འདི་ནི་ཡིག་ཆ་གྲགས་ཅན་མང་པོའི་ནང་ནས་ཁུངས་བཙུན་པ་དང་། དཔྱད་གཞིའི་རྣམ་གྲངས་མང་བ། ལོ་གྲངས་ཁ་གསལ་བ་སོགས་དགེ་མཚན་མང་། དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མེད་པའི་རིགས་ལ་བཏང་སྙོམས་སུ་བཞག་སྟེ་ཕྱི་རབས་པ་མཁས་པ་རྣམས་ཀྱིས་སླར་བརྟག་དཔྱད་བྱ་རྒྱུའི་དཔྱད་གཞིར་བཀོད་པ་ལ་སོགས་པའི་ཁྱད་ཆོས་མང་བའི་དེབ་ཐེར་སྔོན་པོ་འདི་ཁོ་ན་འོ།།
No comments:
Post a Comment