Wednesday, January 01, 2020

གཉའ་ཁྲི་བཙན་པོ་བོད་མི་རྣལ་མི་ཞིག་པའི་སྒྲུབ་བྱེད་མི་འདྲ་བ་བཅུ།


༡༽ ཁྱེད་ཀྱི་གཉའ་ཁྲི་བཙན་པོ་བོད་མི་རྣལ་མ་ཞིག་ཡིན་པའི་སྒྲུབ་བྱེད་མི་འདྲ་བ་བཅུ་བྲིས་ཏེ། གྲི་གུམ་བཙན་པོ་དང་ལོ་ངམ་རྟ་ཛི་དབར་གྱི་དོན་རྐྱེན། གནམ་རི་སྲོང་བཙན་དང་ཟིང་པོ་རྗེ་དབར་གྱི་དོན་རྐྱེན་གཉིས་པོའི་རྒྱུ་རྐྱེན་དང་། འཕེལ་རིམ། མཇུག་འབྲས་བཅས་ངོ་སྤྲོད་གྱིས། 

༡༽ འབེལ་གཏམ་ལུང་གི་སྙིང་པོར་ཏུང་ཧོང་ལས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་དྲངས་པ་ལས། ཡུལ་དང་མཁར་དུ་བཅས་པའང་། སོ་སོ་བོན་བཞི་ལས། སྤུར་རྒྱལ་བོན་གྱི་བཙན་པོ་ལྡེའུ་རྒྱལ་པོ་བོད་རྒྱལ་བྱུང་སྟེ། ལ་ལ་ནི་གཅེར་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆི། མི་གཏོགས་ཤེས་ཀྱང་མཆི། ཞེས་གསལ་བ་འདིས་གཉའ་ཁྲི་བཙན་པོ་སོ་སོ་བོན་བཞི་ལས་བྱུང་ཐག་བཅད་འདུག་ཅིང་། དེས་ན་རྒྱལ་པོ་གཉའ་ཁྲི་ནི་བོད་མི་རྣལ་མ་ཞིག་གོ།


༢༽ ལྡེའུ་ཆོས་འབྱུང་ལས། ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་བཙུན་བྱ་བའི་རུམ་ནས་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་བདག་ཐེ་རང་མ་སྙ་ཨུ་བེ་ར་བྱ་བ་དེ་ཞེས་གསལ་འདུག་ན་བོད་མི་རྣལ་མ་ཞིག་ལས་མི་རིགས་གཞན་སུ་ཡང་རྡོ་ཆགས་བཙན་སྒྲིག་བྱ་དགོས་དོན་མེད།  ལྕང་གླང་པ་རིལ་བའི་རྡོ་རྗེས་མཛད་པའི་ཡུམ་བུ་བླ་སྒང་གི་དཀར་ཆག་ལས་ཀྱང་། སྔར་སྤུ་བོའི་ཡུལ་ན་བྱ་མོ་བཙུན་བྱ་བའི་མངལ་ནས་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་མཐར་ཨུ་བེ་ར་བྱ་བ་ཞེས་གོང་དང་གཅིག་མཚུངས་ཀྱི་ཁུངས་སུ་དྲངས་འདུག་ན་བོད་མི་རྣལ་མ་ཞིག་ལ་གཞན་ནི་མིན་ནོ་ཞེས་ཁ་ཚོན་བཅད་ཆོག །

༣༽ བོད་ཀྱི་གནའ་རབས་བྲག་བརྐོས་དང་། རྡོ་རིང་། ཏུན་ཧོར་ཡིག་རྙིང་སོགས་སུ་གཉའ་ཁྲི་རྒྱ་གར་ཡིན་པ་གཏན་ནས་གསལ་མེད་པའི་ཕྱིར་ན་རྒྱལ་པོ་གཉའ་ཁྲི་ནི་བོད་མི་རྣལ་མ་ཞིག་ཡིན།

༤༽བོད་ཀྱི་ལོ་རྒྱུས་འགའ་དང་སློབ་གྲྭ་དེབ་ཆུང་དེ་ཚོའི་ནང་གསལ་བའི་གཉའ་ཁྲི་རྒྱ་གར་ནས་བྱུང་སྐོར་འགོད་པ་ནི་མཛོ་ཞར་བོ་རྩྭ་སྟངས་དང་གཅིག་མཚུངས་དང་། མི་རིགས་ཀྱི་དཔང་པོ་གནད་ཆེའི་ལོ་རྒྱུས་ཐད། གཞི་མེད་ལྷ་སྒྲུང་དང་། རྒྱུ་མཚན་མེད་པའི་ཤོད་སྲོལ་ཞན་ཆ་དོད་ཤོས་ཤིག་ཡིན་པས། དེའི་རྒྱལ་པོ་གཉའ་ཁྲི་བོད་པ་མ་ཡིན་པ་གཏན་ནས་བསྒྲུབས་མི་ཐུབ་པ་སོང་། བོད་མི་རྣལ་མ་ལས་གཞན་མི་རིགས་གང་ཡང་མ་ཡིན་ནོ།།

༥༽གཉའ་ཁྲི་རྒྱ་ནག་ནས་བྱུང་བ་ཡིན་ཟེར་བ་ནི་རྒྱ་ཡིས་གཡོ་འོག་ཚུད་པ་དང་ཐོབ་དང་གོ་ས་མིང་གྲགས་ཀྱི་ཆེད་དུ་མི་རིགས་ཤིག་གི་ལོ་རྒྱུས་ནག་བསུས་གཏོང་བའི་ཞབས་འདྲེས་པ་ཁག་གཅིག་གི་ཁ་ནས་གྱ་ཚོམ་དུ་བརྡོལ་བའི་ཡིད་བརྟན་མེད་པའི་སྐད་ཆ་ཞིག་ཡིན། རྒྱ་ནག་ནས་བྱུང་ཟེར་ནས་མི་རིགས་རྩ་མེད་གཏང་རྒྱུའི་གཏམ་དང་། དེ་འདྲ་ལོ་རྒྱུས་སྨྲ་བ་ཡིན་ཟེར་མཁན་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཤོས་ཀྱི་ཉེས་ཅན་པ་ཡིན། 

༦༽ བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནི་ཕུལ་བྱུང་ལྷ་ལས་བྱུང་ཟེར་བ་ཡང་རྒྱུ་མཚན་གཞན་གང་ཡང་མེད་པའི་ཆོས་ལུགས་ཀྱི་ཞེན་ཁོ་ན་ལས་ཅི་ཡང་བཤད་རྒྱུ་མེད། སྐབས་དེ་དང་དེའི་རིང་ཆོས་ལུགས་ལ་ཞེན་ཁོག་དང་ལྟ་བ་མཁྲེགས་དང་རྨོངས་དད་ངང་ནས་དེ་འདྲ་ལབ་པ་ཁོ་ནའོ། 

༧༽ བློན་པོ་བཀའི་ཐང་ཡིག་ལས། སྤུ་ཡུལ་མོ་བཙུན་གུང་རྒྱལ་ལ༔། ཐེ་བྲང་སྤུན་དགུ་སྐྱེས་པ་ལས༔། ཆུང་དག་ཨུ་བེ་ར་ནས་ཆད་པའོ༔། ཁུར་དུ་གཉེར་ལྕི་ལས་སུ་སྨྲ་དཀའོ༔། ཁྲི་རྒྱལ་བ་དང་དྲི་མུ་ཁྲི་བཙུན་སྲས༔། གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས༔། ཉ་ཁྲི་བཙུན་པོ་ཞེས་བྱའོ༔། ཞེས་བོད་ལྗོངས་སྤུ་བོའི་ཡུལ་གྱི་མོ་བཙུན་གུང་རྒྱལ་ལ་སྲས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཐ་ཆུང་ཨ་བེ་ར་གཉའ་ཁྲི་བཙན་པོའི་མཚན་ཁུངས་སུ་བསྟན་པ་སོགས་ལ་གཞིགས་ན་རྒྱལ་པོ་འདི་ལོ་རྒྱུས་ཚད་ལྡན་ཁག་ཁ་ཕྱེ་ནས་མིག་ཟུར་ཅེར་ན་བོད་མི་རྣལ་མ་ཞིག་ཡིན་པ་ར་སྤྲོད་ཐུབ་ལས་གཞན་ངལ་བ་མི་དགོས་སོ།།

༨༽ རྒྱལ་པོ་གཉའ་ཁྲི་བཙན་པོ་ནི་དེང་སང་ཀོང་པོ་སའི་ཆ་གཏོགས་སྤུ་བོ་ཞེས་པའི་ས་རུ་བོད་མི་བཀྲུ་ན་མ་དག་པའི་ཡབ་ཁྲི་རྒྱལ་བ་དང་ཡུམ་དྲི་མུ་ཁྲི་བཙན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པས་བོད་མི་རྣལ་མ་ཞིག་ལས་རྒྱ་དཀར་གྱི་མི་རིགས་གཞན་སུ་ཞིག་མ་ཡིན་ནོ།།

༩༽ བོད་ཀྱི་ལོ་རྒྱུས་སྨྲ་བའི་ཟུར་གནས་མཁས་དབང་དག་གིས་བོད་རྒྱལ་གཉའ་ཁྲི་བཙན་པོ་བོད་མི་རྣལ་མ་ཞིག་ཡིན་པ་བསྒྲུབས་པ་དེའི་དཔང་པོ་ཏུན་ཏོང་ཡིག་རྙིང་སོགས་སུ་གསལ་བ་དང་གཞན་ལོ་རྒྱུས་དག་ནི་ཆོས་ལུགས་ཞེན་ཁོག་དང་དབང་ཆ་འཐབ་རྩོད་དང་ཐོབ་གོ་ས་དང་བཙན་པོ་དབང་ཡོད་འོག་ལོ་རྒྱུས་ལ་འཁྱོག་བཤད་དང་མ་དག་རྒྱུན་འབྱམས་སོང་བ་ཁོ་ནོའོ།། དེ་ཡང་ཡིན་ཏེ་ལྡེའུ་ཆོས་འབྱུང་ལས། བོད་ཀྱི་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅིང་འདྲ་ཡིན་ཞེས་དྲིས་པར། ང་སྤུ་བོའི་ཡུལ་གྱི་མི་ཞིག་ཡིན། ཟེར་བས། འོ་ན་ཁྱོད་ལ་མཐུ་དང་ནུས་པ་ཅི་འདྲ་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་ནས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེས་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས་ནས་རྗེ་བཅོལ་ལོ།། 


༡༠༽ བོད་ཀྱི་རྒྱལ་པོ་ཐོག་མ་ནི་བོད་ས་ཁུལ་རང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རང་ཡིན་ཏེ། བོད་ཀྱི་ས་ཁུལ་སྦོ་བོ་ཞེས་པ་ནས་བོད་མི་རིགས་ལས་འཆད་ཅིང་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་མི་རིགས་འདིའི་རྒྱུད་མ་ཁོ་ནའོ། །མི་རིགས་གཞན་ལ་ཡིན་པ་སྒྲུབ་གང་ཐུབ་བྱེད་དོན་ཆོས་ལུགས་ཞེན་ཁོག་སྤྱན་མིག་ཞ་ར་ཞིག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་ཁོ་ན་ཡིན་པ་ལས། ཚད་ལྡན་གྱི་ལོ་རྒྱུས་སྨྲ་བ་ཞིག་ཡིན་ན་མི་རིགས་གཞན་གྱི་ཆ་ཤས་རེད་ཅེས་དུས་ནམ་ཡང་གླེང་མི་སྲིད། མི་རིགས་ཤིག་གི་ལོ་རྒྱུས་གླེང་དུས་མི་རིགས་གཞན་ལ་ཁུངས་བཅོལ་བ་ནི་མི་རིགས་དེ་འཐོར་ཤིག་འགྲོ་རྒྱུའི་ས་བོན་བསྐྲུན་པ་ཡིན་པས། དེ་འདྲའི་ལོ་རྒྱུས་སྨྲ་བ་ཞིག་ཡོད་ན་དེ་ནི་ལོ་རྒྱུས་སྨྲ་བའི་གྲལ་ནས་མཐར་སྤྲོད་གཏང་དགོས་ངེས་རེད་ཅེས་ཚིག་ཐག་ཆོད་པོ་ངང་ནས་བཤད་འདོད་པ་དེ་ཡིན། འདི་ནི་རིགས་པ་དང་དེང་གི་ཆབ་སྲིད་རིག་པའི་འགྲོས་མཐུན་པ་ཡིན་ནོ།།

No comments: