༅། ། བོད་རྒྱལ་བརྒྱད་པ་དྲི་གུམ་བཙན་པོ་དང་ལོ་ངམ་རྟ་ཛི་དབར་གྱི་རྒྱུ་རྐྱེན་སྐོར་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་སྣང་ལ་དེ་དཔྱད་པ་གཏང་བ་ལ་ས་བཅད་བཞིའི་ཐོག་ནས་བརྗོད་ན་འདོད།
དང་པོ། རྒྱལ་པོ་ངོས་བཟུང་བ་དང་མཚན་མི་འདྲ་བ་བྱུང་སྟངས།
གཉིས་པ། བློན་པོ་ལོ་ངམ་རྟ་རྫི་སུ་ཡིན་དཔྱད་པ།
གསུམ་པ། ཕན་ཚུན་འཐབ་ནས་རྒྱལ་པོ་བཀྲོངས་རྐྱེན།
བཞི་པ། འཕེལ་རིམ།
ལྔ་པ། མཇུག་འབྲས་བཅས་སོ།།
དང་པོ། རྒྱལ་པོ་ངོས་བཟུང་བ་དང་མཚན་མི་འདྲ་བ་བྱུང་སྟངས།
བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་དང་སྟོད་ཀྱི་སྟེང་གཉིས་ཞེས་གྲགས་པ་དེའི་ནང་གི་དང་པོ་ཡིན་ཞིང་། བོད་རྒྱལ་འདིའི་མཚན་ལ་བཞེད་པའམ་བརྡ་ཆད་མི་འདྲ་བ་༡༽ དྲི་གུམ་བཙན་པོ། ༢༽གྲི་གུམ་བཙན་པོ། ཞེས་གཉིས་བྱུང་།
དེའི་བྱུང་རིམ་ལ་ཅུང་ཟད་མི་འདྲ་བ་འདུག ཡོངས་གྲགས་ཞལ་གཅིག་མཐུན་ལྟ་བུ་སྣང་། དེ་ཡང་ཏུན་ཧོང་ཡིག་ཆ་རྨང་གཞི་བྱས་ཏེ་གྲི་གུམ་བཙན་མཚན་བྱུང་སྟངས་ནི། རྒྱལ་པོ་འདི་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་སུ་སྐྱེས་མ་ཐག་ནས་མཚན་ལྟས་ལ་གོ་བ་ལོག་ནས་རྟེན་འབྲེལ་ངན་པ་བྱུང་བས་མིང་ལ་དྲི་གུམ་བཙན་པོ་ཞེས་བཏགས། རྗེས་སུ་བློན་པོ་ལོ་ངམ་རྟ་རྫིས་གྲིས་བཀུམས་པ་ལས་གྲི་གུམ་བཙན་པོ་ཐོགས་པ་རེད་ཅེས་གསུངས།
གཉིས་པ། བློན་པོ་ལོ་ངམ་རྟ་རྫི་སུ་ཡིན་དཔྱད་པ།
བློན་པོ་ལོ་ངམ་སུ་ཡིན་དཔྱད་པ་ལ་ལོ་ངན་རྟ་རྫི་སྤུ་རྒྱལ་ཚང་གི་བློན་པོའམ་རྟ་རྫི་ཙམ་དུ་མ་ཟད། ལོ་ངམ་སྐབས་དེ་དུས་རྒྱལ་ཕྲན་མྱང་རོ་ཤམ་པོའི་རྗེ་བོ་དང་འགོ་གཙོ། མི་ཤུགས་དང་རྒྱུ་ཤུགས་དང་དབང་ཤུགས་སོགས་ཆ་ཚང་འཇོམས་མཁན་ཞིག་ཡིན་པ་འདོད། དེ་ཡང་ཏུན་ཧོང་ཡིག་རྙིང་ནང་། མཁར་མྱང་རོ་ཤམ་པོ་དགུ་རྩེགས་ལང་ལིང་གི་ནང་ན། རྒྱལ་པོ་ལོ་ངམ་རྗེ་དང་། ངམ་ཚ་ཕྱི་བྲོམ་དཀར་པོ། ཞེས་ལོ་ངམ་རྒྱལ་ཕྲན་སིལ་མའི་སྐབས་ཀྱི་རྗེ་བོ་ཞིག་ཡིན་པ་གསལ་ལ། དེ་ཡང་། ལྡེའུ་ཆོས་འབྱུང་ལས། ལོ་ངམ་གྱིས། ང་དང་ཁྱོད་ལ་འཐབ་ཆད་མེད། ང་ང་རང་གི་ཡུལ་ན་ཆེ། ཁྱོད་ཁྱོད་རང་གི་ཡུལ་ན་ཆེ་ཟེར་བས། ཞེས་ང་ཆེ་ཁྱོད་ཆེ་ཟེར་བ་དང་། ལོ་ངམ་གྱི་རྒྱལ་སྲིད་ལོ་གཅིག་བཟུང་བའི་བྱུང་འབྲས་ལ་བསམ་ན་ལོ་ངམ་མི་རྐྱང་རྟ་རྐྱང་རྟ་རྫི་ཙམ་ནམ་ཡང་མ་ཡིན་ཏེ་མ་ཡིན་ནོ།།
གསུམ་པ། ཕན་ཚུན་འཐབ་ནས་རྒྱལ་པོ་བཀྲོངས་རྐྱེན།
དེ་ཡང་དེབ་ཐེར་དམར་པོར། གྲི་གུམ་བཙན་པོ་དང་། བློན་པོ་ལོ་ངམ་ཞེས་པ་ལ་འཐབ་ཟླ་བཅོལ་ནས་འཐབས་པས། མ་ཐུབ། བློན་པོས་བཀྲོངས། རྒྱལ་ས་ལོ་ངམ་གྱིས་བཟུང་། ཞེས་དང་། བོད་ཀྱི་སྲིད་དོན་རྒྱལ་རབས་ནང་དུའང་། གྲི་གུམ་བཙན་པོ་བློན་པོ་ལོང་ངམ་གྱིས་བཀྲོངས་ཏེ་པུར་ཆུར་བསྐྱུར་ཅེས་པ་དང་། རྫོགས་ལྡན་གཞོན་ནུའི་དགའ་སྟོན་དུའང་། བློན་པོ་ལོ་ངམ་དང་འཐབས་པས་རྒྱལ་པོ་བཀྲོངས་ཞེས་པ་ཙམ་དང་། ཏུང་ཧོང་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས་དེབ་ཐེར་དེ་ལས། རྒྱལ་པོ་དེས་ཚེ་སྟོད་ལ་གསས་ཁང་ས་ལེ་བྱེལ་ཚང་བཞེངས། གཡུལ་དྲུང་བོན་ཁོ་ནར་སྤྱོད། ཚེ་སྨད་ལ་བོན་བསྣུབས་པས། བསྣུབ་མ་ཐག་ཏུ་ཡང་རྒྱལ་པོ་དགུང་གྲངས་ ༣༥ ཐོག་གྲི་ཁར་འདས་སོ།། ཞེས་གསུངས་པ་ལ་ཞིབ་ན་རྒྱལ་པོ་འདི་དང་ལོ་ངམ་རྟ་རྫི་བར་གྱི་དོན་རྐྱེན་འབྱུང་རྩ་ནི་བོན་ཆོས་བསྣུབས་པ་ལས་བྱུང་ཞིང་། བོན་སྟོན་རྣམས་རྒྱང་འབུད་བཏང་བ་དང་། བོན་བློན་ཁག་ཅིག་རང་བཞིན་གྱི་རྒྱལ་པོའི་ཁ་གཏད་དུ་གྱུར། དེ་ལ་སོགས་པའི་མི་རྣམས་ཀྱི་རྒྱལ་པོ་དང་ལོ་ངམ་རྟ་རྫི་དབར་ཕྲ་བ་བཅུག་པས། ལོ་ངམ་གྱིས་རྒྱལ་པོ་སྐུ་བཀྲོངས། དེ་ནས་ལྷ་སྒྲུང་དང་འདྲེས་པའི་རྨུ་ཐག་ལས་གཤེགས་ཚུལ་དེ་རྒྱུན་ཆོད་པ་དེ་རྒྱལ་པོ་དྲི་གུམ་བཙན་པོས་རལ་གྲིས་ཀླད་ལ་བསྐོར་ནས་རྨུ་ཐག་གཅོད་པ་རེད་ཅེས་ཟེར་ནས་དེ་ནས་བང་སོ་རྩིས་ཚུལ་གསུངས།
ཡང་ལྡེའུ་ཆོས་འབྱུང་ལས། ལོ་ངམ་གྱིས། ང་དང་ཁྱོད་ལ་འཐབ་ཆད་མེད། ང་ང་རང་གི་ཡུལ་ན་ཆེ། ཁྱོད་ཁྱོད་རང་གི་ཡུལ་ན་ཆེ་ཟེར་བས། ཞེས་ང་ཆེ་ཁྱོད་ཆེ་ཟེར་བའི་ཚིག་ལས་ཀྱང་གྲི་གུམ་བཙན་པོ་དང་། ལོ་ངམ་རྟ་རྫི་དབར་གྱི་འགལ་ཟླ་ཡང་གསལ་པོར་མཚོན་པ་ཡིན་ཞེས་པ་བརྟག་ནས་བཤད་ན་བཀྲོངས་རྐྱེན་དེའང་ཡིན་སྲིད།
རྒྱུ་རྐྱེན་གཞན་ཁུངས་བཙུན་ཤོས་ནི་སྐབས་དེ་དུས་རྒྱལ་པོས་བོན་ཆོས་བསྣུབས་པ་དང་བོན་གཤེན་རྣམས་ཀྱི་དབང་ཤུགས་མེད་པ་བཟོ་བ་བརྟེན་བོན་གཤེན་རྣམས་ཀྱི་ངན་ཇུས་འོག་ལོ་ངམ་རྟ་རྫི་དང་གྲི་གུམ་བཙན་པོ་དབར་གྱི་འཐབ་རྩོད་ངོ་བོ་ནི་སྐབས་དེའི་དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་སྲིད་དབང་འཕྲོག་རེས་བྱེད་ཅིང་། རང་རང་གི་དབང་སྒྱུར་གོ་གནས་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཡིན་པས། ཁོ་གཉིས་འཁྲུག་པའི་རྒྱུ་རྐྱེན་ཡང་དེ་རེད་ལ། བཀྲོངས་རྐྱེན་ཡང་དེ་རང་ལ་ཐུག་པ་སེམས།
གང་ལྟར། སྐབས་དེ་རྒྱལ་པོ་དང་འཐབ་རེས་གནང་བའི་བློན་པོ་ལོ་ངམ་ནི་རྟ་རྫི་ཙམ་ཡིན་པ་རྒྱལ་ཕྲན་ཞིག་གི་རྒྱལ་པོའམ་འགོ་གཙོ་ཡིན་པ་དང་། རྒྱལ་པོ་གསོད་ནས་རྒྱལ་ས་འཛིན་ཐུབ་པ་ནི་ལོ་ངམ་གཅིག་པུའི་སྟོབས་ཤུགས་མ་ཡིན་པར། གཤེན་བོན་ཏེ་ཆོས་ལུགས་གྲུབ་མཐའི་སྟོབས་ཤུགས་སོགས་ཡོད་ངེས་ཡིན། དེ་མིན་ན་བློན་པོ་རྟ་རྫི་ཙམ་གྱིས་རྒྱལ་པོ་གསོད་རྒྱལ་པོའི་སྐུ་འཁོར་རྣམས་ཀྱི་རང་ག་གཏན་ནས་བཞག་མི་སྲིད། དེས་ན་ལོ་ངམ་རྟ་རྫི་ལ་དབང་ཤུགས་སོགས་ཅི་ཡང་ཡོད་ངེས་ཡིན། རྒྱལ་པོ་དང་ལོ་ངམ་རྟ་རྫི་དབར་དོན་རྐྱེན་མདོར་དྲིལ་ན་ཆོས་ལུགས་ཁོ་ན་ལས་མ་འདས་སོ།། ཕྱིས་སུ་ལོ་རྒྱུས་དང་ཆོས་འབྱུང་དེབ་ཐེར་དེ་འདྲ་ནང་ཆོས་ཀྱི་འཐེན་འཁྱེར་དབང་གི་ཡིན་པ་བྲིས་ཡོད། བློན་པོ་ལོ་ངམ་རྟ་རྫིས་རྒྱལ་སྲིད་ལོ་གཅིག་བཟུང་ཞེས་དེབ་ཐེར་ནང་འཁོད་པ་ལས་རྒྱལ་སྲིད་བཟུང་ནས་རྒྱལ་སྲིད་མངའ་ཐང་དར་རྒུད་སྐོར་དམིགས་བསལ་རྩལ་དུ་བཏོན་ནས་རྒྱལ་རབས་ལོ་རྒྱུས་ཁྲོད་དུ་བཤད་པ་མི་སྣང་།
བཞི་པ། འཕེལ་རིམ།
དྲི་གུམ་བཙན་པོ་རྒྱལ་པོ་འདིའི་རིང་ལ་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་མངའ་ཐང་དར་རྒྱས་གཏོང་ཡོད། ཁྱད་པར་དུ་རྒྱལ་ས་ཡར་ཀླུངས་ཕྱི་དབར་སྟག་རྩེར་བསྟི་གནས་བྱས་ཏེ། བོད་དབུས་གཙང་རི་བཞིར་དབང་བསྒྱུར་བྱས་པས་མ་ཚད། ཞང་ཞུང་གྱི་ཡུལ་བརྒལ་ནས། ནུབ་ཕྱོགས་ཁ་ཆེའི་ཡུལ་དུའང་དམག་འཐབ་བྱས་རྒྱལ་ཁ་བླངས། དེ་ཡང་རྒྱལ་པོའི་བཀའ་ཆེམས་ལྡེབ་མ་ལས། རྒྱལ་པོ་གྲི་གུམ་བཙན་པོས་ཁ་ཆེའི་བཙན་པོ་དང་གཡུལ་སྤྲད་དེ་འཁྲུགས་པས་བོད་རྒྱལ་ནས་ཚུར་ལོག་ཅེས་བྱུང་། དེ་ནས་བློན་པ་ལོ་ངམ་དང་འཐབ་ཆེད། རྒྱལ་པོས་རྨོག་དང་ཁྲབ། གྲི་སོགས་བཟོས་པ་རེད་ཅེས་ཟེར། དེ་ཡང་། སྔགས་འཆང་ཧྰུཾ་ཀ་ར་ཛ་ཡས་མཛད་པའི་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་ལས། གོ་ཁྲབ་འདི་ནི་དམར་ཁམས་དེ་མོ་ནས། གྲི་གུམ་བཙན་པོས་འབངས་དང་འཐབ་ཕྱིར་བླངས།ཞེས་དང་། བར་དུ་དར་བ་གྲི་གུམ་བཙན་པོ་ཡིས། བླ་ཡི་ཤེས་གྲིར་དཔེ་བྱས་བཟོས་པ་མང་། ཞེས་དང་། རྨོག་གི་བྱེ་བྲག་སྒོང་བཞག་བྱི་མགོ་གཉིས། ཞེས་གསུངས་པ་ལ་ཞིབ་ན་རྒྱལ་པོ་འདིའི་རིང་ལ་བློན་པོ་དང་འཐབ་པས་དེའི་དུས་སུ་རྨོག་དང་གོ་ཁྲབ་དང་རལ་གྲི་སོགས་ཐོག་མ་དར་བ་ཡིན།
རྒྱལ་པོ་འདིས་ཚེ་སྟོད་ལ་གཡུང་དྲུང་བོན་ཁོ་ནར་སྤྱོད། ཚེ་སྨད་ལ་བོན་བསྣུམས་པས། ལོ་དེ་རང་དུ། རྒྱལ་པོ་བཀྲོངས་སོ།།
ལྔ་པ། མཇུག་འབྲས།
ལོ་ངན་རྟ་རྫིས་གཡོ་ཐབས་ལ་བརྟེན་ནས་རྒྱལ་པོ་སྐུ་བཀྲོངས་པ་དེ་ནས་རྒྱལ་པོ་རྣམས་ཀྱི་བང་སོ་བརྩིས་པའི་སྲོལ་བྱུང་། དེབ་ཐེར་དམར་པོ་རུ། རྒྱལ་པོ་བཀྲོངས་པས། བུ་ཡུག་གསུམ་ཀོང་པོར་བྲོས། རྒྱལ་ས་ལོ་ངམ་གྱིས་བཟུང་། བུ་གསུམ་པའི་མ་བྲན་དུ་བཀོལ། ལོ་ངམ་གྱིས་རྒྱལ་སྲིད་ལོ་གཅིག་ཙམ་བཟུང་རྗེས། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ། བློན་པོ་རུ་ལས་ཀྱིས་ལོ་ངམ་བསད་དེ། སྲས་བྱ་ཁྲི་རྒྱལ་སར་བསྐོས་ཞེས་དང་། དེབ་ཐེར་དམར་པོར། རུ་ལས་སྐྱེས་ཞེས་པས་སྲས་ཉ་ཁྲི་རྒྱལ་སར་བཅུག་སྟེ་སྤུ་གུང་རྒྱལ་དུ་བཏགས། ལོ་ངམ་བཏུལ། ཞེས་དང་། ཏུང་ཧོང་ཡིག་རྙིང་ལས། སྣ་ནམ་བཙན་བཞོང་རྒྱལ་ཟེར་བ་སོགས་མི་གཉིས་ཀྱིས་ཁྱི་བཟང་པོ་གཉིས་ཀྱི་སྤུ་ལ་དུག་ནུས་པ་ཅན་བྱུགས་ཤིང་། ཡུལ་མྱང་རོ་ཤམ་པོར་ཤམ་པོར་གསང་སྟབས་ཀྱིས་ཕྱིན་ཏེ། རྟ་རྫི་བརྒྱུད་ནས་ཁྱི་དེ་གཉིས་ལོ་ངམ་གྱིས་དྲུང་དུ་འཁྱོལ་ཐབས་བྱས་ནས་ལོ་ངམ་གྱིས་ཁྱི་བཟང་པོར་མཐོང་སྟེ་ལག་པས་སྤུ་ལ་བྱུལ་བྱུལ་བགྱིས་པས་བཙན་དུག་ཕོག་ནས་ལོ་ངམ་བསད་དེ་དགྲ་ཤ་བླངས། མདོ་དྲིལ་ན་རྒྱལ་བློན་གཉིས་ཀ་མངའ་ཐང་རྒྱས་པ་མ་ཕྱིན་པར་སྐུ་སྲོག་ཤོར་ཡོད་པའི་ལོ་རྒྱུས་ནག་ཐིག་གཅིག་ཕོག།།
རྒྱལ་བློན་འཐབ་པ་ལོ་རྒྱུས་ནག་ཐིག་གཅིག།། ཆོས་ལུགས་འཐེན་འཁྱེར་ལོ་རྒྱུས་ནག་བསུ་གཉིས།།
དབང་ཆ་འཐབ་རྩོད་ཕན་ཚུན་འཁོན་རེ་གསུམ།། བོད་ཀྱི་སྲིད་དབང་ཉམས་པའི་སྔ་ལྟས་ཡིན། ། ཞེས་པ་ནི་མཇུག་བསྡུས་པ་དང་སྐབས་སུ་བབས་པའི་ཚིགས་སུ་བཅད་པའོ།།
No comments:
Post a Comment