༢༠༢༠/༩/༥ དགེ་རྒན་ཉིན་མོ་ལ་ཆེད་དུ་བྲིས་པ།
རྒྱལ་དང་རྒྱལ་བའི་ལུང་གི་ཟིན་པའི་མཐོ་སྒང་བོད་ཀྱི་ཞིང་ཁམས་སུ། །
མུན་པའི་སྒྲོན་མེ་ཐོག་མ་སྤར་མཁན་སློབ་དཔོན་དང་པོ་ཐོན་མི་ཡིས། །
སྐུ་གསུང་ཐུགས་ཀྱི་དྲིན་ལས་འཚོ་བའི་དྲིན་ཆེན་དགེ་རྒན་ཡོད་དོ་ཅོག།།
བརྗེད་ཐབས་མེད་པའི་བཀའ་དྲིན་དྲན་ཞིང་སྒོ་གསུམ་གུས་པའི་སྙིང་ནས་འདུད། །
རྩ་རྒྱུད་བླ་མའི་གསུངས་ལས་སྐྱེས་བའི་སྐྱེས་ཆེན་དམ་པ་གྲངས་ལས་འདས། །
གདུལ་བྱའི་ཁམས་དང་མོས་པ་མཚུངས་པའི་བླང་དོར་ཆོས་ཀྱི་གདམས་ངག་འཆད།
སྐུ་ཡི་སྣང་བ་ཟིམ་པ་མེད་པ་འཛམ་གླིང་ཁྱོན་ཀུན་ཡོངས་ལ་ཁྱབ། །
ལྷག་པའི་ལྷ་དང་གཉིས་སུ་མེད་པའི་སློབ་དཔོན་ཁྱེད་ལ་སྙིང་ནས་འདུད། །
གཞན་ཕན་རྩ་བ་བརྟན་པའི་བློ་གསལ་བྱིས་པའི་བློ་མུན་གསལ་མཛད་པ།།
མཁས་དབང་ར་རྡི་ཀུ་ཤི་ན་ཡི་གཟི་བརྗིད་འཛམ་གླིང་ཕྱོགས་བཞི་འཕྲོ།།
སློབ་མའི་སེམས་སུ་བཀྲེང་ངེར་ལངས་པའི་དགེ་རྒན་དམ་པ་ཁྱེད་ཉིད་ནི།།
ནམ་ཡང་མི་གཡོ་དམར་ཆུང་སེམས་ངོས་སྲ་བརྟན་རྡོ་རིང་མཁྲེགས་མོ་ཞིག།།
བྱམས་དང་སྙིང་རྗེ་བརྩེ་བའི་སྐྱོང་བའི་དགེ་རྒན་རྣམ་པའི་བཀའ་དྲིན་ལས།།
གསར་དུ་བྱུང་བའི་ཕུལ་བྱུང་སློབ་མ་ས་སྟེང་ཡོངས་སུ་ཁེངས་པ་ན།།
རྐང་གཉིས་མི་རྣམས་བསྟོད་བསྔགས་མི་བརྗོད་བློ་ལྡན་མི་སྣ་སུ་ཞིག་ཡོད།།
དེའི་ཕྱིར་དེས་ན་དགེ་རྒན་ཁྱེད་རྣམས་སྙིང་ནས་གུས་ལ་སྙིང་ནས་འདུད།།
མི་རིགས་ཤིག་གི་རྩ་བ་བསམ་ན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད།།
མི་རིགས་ཤིག་གི་རྒྱུད་འཛིན་ཐུབ་མིན་བྱིས་པ་སློབ་སྦྱོང་སྤྲོད་རྒྱུ་རེད།།
མི་རིགས་ཤིག་ལ་དགོས་རྒྱུ་དེ་ནི་འདབ་གཤོག་གཉིས་ལྡན་མི་སྣ་ཡིན།།
དེ་ཚོ་བསྐྲུན་མཁན་ཉག་གཅིག་དེ་ནི་དགེ་རྒན་རྣམ་པ་ཁོ་ན་འོ།།
དཀའ་སྤྱད་འཁུར་དུ་འཆང་བའི་ཤེས་རིག་སྒྲོན་མེ་དགེ་རྒན་རྣམ་པ་དང།།
ལྷག་བསམ་ཆེས་ཆེར་འཕྱོ་བའི་ལས་ཀྱི་སྣེ་མོ་འཛིན་པའི་ལས་བྱེད་རྣམས།།
བཀའ་དྲིན་དྲན་ཞིང་དྲན་ཞིང་ཡར་ཁོག་སེམས་ཀྱི་ཚོར་འདུ་ཡི་གེ་ཡི།།
རི་མོའི་གཟུགས་སུ་བཀོད་པ་ལས་བྱེད་ཉིན་མོ་ཤིས་ཚིག་སྟོང་གིས་ཕུལ།།
༢༠༢༠/༩/༥ཉིན་གྱི་ལས་བྱེད་ཉིན་མོ་ལ་སྐབས་ཉེར་གཅིག་གི་སློབ་མ་བྱམས་པ་དབང་ལྡན་གྱིས་ཕུལ།
Happy staff day /
No comments:
Post a Comment